ཞི་ཅིན་ཕིང་གིས་མཛའ་མཐུན་ཟོལ་མེད་དང་ཕན་འདོགས་ཁོང་ཡངས་ཀྱི་མཐའ་འཁོར་ཕྱི་འབྲེལ་འདུ་ཤེས་བཏོན་ནས་ལོ་བཅུ་འཁོར་བར་རྗེས་དྲན་ཞུ་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་ཤིས་འཕྲིན་བསྐུར།
2023.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བཅུ་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛའ་མཐུན་ཟོལ་མེད་དང་ཕན་འདོགས་ཁོང་ཡངས་ཀྱི་མཐའ་འཁོར་ཕྱི་འབྲེལ་འདུ་ཤེས་བཏོན་ནས་ལོ་བཅུ་འཁོར་བར་རྗེས་དྲན་ཞུ་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་ཤིས་འཕྲིན་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་མཐའ་འཁོར་ཕྱི་འབྲེལ་གྱི་གཞི་རྩའི་བྱེད་ཕྱོགས་ནི། ཁྱིམ་མཚེས་རྒྱལ་ཁབ་ལ་ཕན་འདོགས་རྒྱུ་དང་ཁྱིམ་མཚེས་རྒྱལ་ཁབ་ཟླ་གྲོགས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྱིམ་མཚེས་རྒྱལ་ཁབ་བར་ཕན་ཚུན་འཆམ་མཐུན་དང་ཕན་ཚུན་བདེ་འཇགས། ཕན་ཚུན་ཕྱུག་འགྱུར་བཅས་ཡོང་བ་རྒྱུན་འཁྱོངས་བྱས་ནས། མཛའ་མཐུན་དང་ཟོལ་མེད། ཕན་འདོགས། ཁོང་ཡངས་བཅས་ཀྱི་འདུ་ཤེས་མངོན་གསལ་སྒོས་མཚོན་པར་བྱ་རྒྱུ་དེ་ཡིན།  ལོ་ངོ་བཅུ་ཡི་རིང་ལ། ཀྲུང་གོས་མཛའ་མཐུན་དང་ཟོལ་མེད། ཕན་འདོགས། ཁོང་ཡངས་བཅས་ཀྱི་འདུ་ཤེས་ལག་ལེན་གང་ལེགས་བྱས་ནས། ཕྱོགས་ཡོངས་ནས་མཐའ་འཁོར་རྒྱལ་ཁབ་བར་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་བར་བརྟེན། ཕྱོགས་གཉིས་ཀའི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་མ་ཆད་པར་ཆེ་རུ་ཕྱིན་པ་དང་། གཉིས་ཕན་མཉམ་འདྲེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་ནས། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་དང་མཉམ་ལས་གཉིས་ཕན་གྱི་འོད་སྟོང་འཕྲོ་བའི་ལམ་ཆེན་སྟེང་དངོས་སུ་སྐྱོད་བཞིན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་དུས་རབས་གསར་བའི་རྒྱབ་ལྗོངས་འོག་ཏུ། ང་ཚོས་མཛའ་མཐུན་དང་ཟོལ་མེད། ཕན་འདོགས། ཁོང་ཡངས་བཅས་ལྟེ་བར་བྱེད་པའི་ཨེ་ཤ་ཡའི་རིན་ཐང་ལྟ་བ་དར་སྤེལ་བཏང་སྟེ། ས་ཁུལ་མཐུན་སྒྲིལ་དང་སྒོ་འབྱེད། ཡར་རྒྱས་བཅས་ཡོང་བར་རམ་འདེགས་ཟོལ་མེད་བྱ་རྒྱུ་ཡིན། ང་ཚོས་མཛའ་མཐུན་དང་ཟོལ་མེད། ཕན་འདོགས། ཁོང་ཡངས་བཅས་ཀྱི་འདུ་ཤེས་གསར་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས། མཐའ་འཁོར་རྒྱལ་ཁབ་ལ་ཕན་པ་སྔར་ལས་གང་མང་ཐོབ་པར་བྱེད་རྒྱུ་དང་། ཨེ་ཤ་ཡའི་དེང་རབས་ཅན་གྱི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མཐའ་འཁོར་གྱི་ཁོར་ཡུག་བཟང་བོར་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་བརྗེ་རེས་བྱ་རྒྱུ་ཡིན། ཀྲུང་གོས་མཛའ་མཐུན་དང་ཟོལ་མེད། ཕན་འདོགས། ཁོང་ཡངས་བཅས་ཀྱི་འདུ་ཤེས་མུ་མཐུད་ལག་བསྟར་བྱས་ནས། ས་ཁུལ་དང་རྒྱལ་ཁབ་དག་དང་མཉམ་དུ་ལག་གདང་སྦྲེལ་ནས་ཞི་བདེ་ལྷིང་འཇགས་དང་མཛེས་སྡུག་དར་རྒྱས། མཛའ་མཐུན་མཉམ་གནས་བཅས་ཀྱི་ཨེ་ཤ་ཡའི་ཁྱིམ་གཞིས་བསྐྲུན་ཏེ། ཨེ་ཤ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ལེའུ་གསར་བ་མཉམ་རྩོམ་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།