ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་བདུན་ཅུ་འཁོར་བར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།
2023.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་ཡོངས་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ལས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ནི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་དཔལ་འབྱོར་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལོ་ངོ་བདུན་ཅུའི་རིང་ལ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གཙོ་བོར་ཞབས་འདེགས་ཞུ་རྒྱུར་དམ་པོར་དམིགས་ཏེ། ཀྲུང་གོ་གསར་བ་འཛུགས་སྐྲུན་དང་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། དུས་རབས་གསར་བར་འབད་འབུངས་བྱེད་པ་བཅས་ཀྱི་རླབས་ཆེན་ལག་ལེན་ཁྲོད་བྱས་རྗེས་གལ་ཆེན་བཞག་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་དུ་ཏང་གིས་བཅོལ་བའི་ལས་འགན་ཏན་ཏིག་ངང་འཁུར་བ་དང་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། ཡིད་ཆེས་འཕེལ་བར་བྱེད་པ་དང་མི་སེམས་གཅིག་སྒྲིལ་བཅས་བྱས་ནས། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣ་ཏང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱས་ཏེ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་ཡོང་བའི་རེ་ལྟོས་བྱེད་ཀྱིན་ཡོད། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ནས། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། རྒྱལ་གཅེས་ལས་བཀུར་དང་ཁྲིམས་སྲུང་ཚོང་གཉེར། ལས་སྐྲུན་གསར་གཏོད། སྤྱི་ཚོགས་དྲིན་འཇལ་བཅས་ཀྱི་དཔེ་བཟང་ཞིག་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།

ཟླ་བཅུ་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་སྟེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དུ་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཞག་པའི་བྱས་རྗེས་གལ་ཆེན་ལ་གདེང་འཇོག་གང་ལེགས་གནང་བ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་དོན་སྙིང་དང་ཁ་ཕྱོགས། བརྗོད་སྙིང་གཙོ་བོ། ལས་འགན་བཅས་ལ་གསལ་བཤད་གང་ལེགས་གནང་ཡོད་ལ། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣར་རེ་བ་ནན་མོ་དང་བླང་བྱ་གསལ་བོ་བཏོན་ནས། དུས་རབས་གསར་བའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཡག་པོར་སྒྲུབ་པ་དང་། དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས། དོན་འཁྱོལ་མཐར་ཕྱིན་ཡོང་བར་དམ་འཛིན་བྱེད་དགོས་ཞེས་གསུངས།

ཝང་ཧུའུ་ཉིང་གིས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནི་ཏང་གིས་མགོ་ཁྲིད་བྱེད་པའི་མི་དམངས་ཚོགས་པ་དང་ཚོང་ཚོགས་ཀྱི་རྩ་འཛུགས་ཤིག་ཡིན་པ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ནི་ཏང་དང་རྒྱལ་ཁབ་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། སྐྱོད་ལམ་གསར་བའི་སྟེང་དུ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་སྟངས་འཛིན་ནན་མོ་བྱེད་པ། ཡིད་ཆེས་དང་མཐུན་སྒྲིལ། ཞབས་ཞུ། ཁྲིད་སྟོན། སློབ་གསོ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱེད་པ། “བདེ་ཐང་གཉིས”ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་དམ་པོར་དམིགས་ཏེ་རང་འགན་གཙང་སྒྲུབ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་སེམས་ནུས་གཅིག་སྒྲིལ་དང་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ཏེ། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣར་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུའི་ཐད་ནས་ཁྲིད་སྟོན་གང་ལེགས་བྱས་ཏེ། རང་རྟོགས་ངང་རྒྱལ་གཅེས་ལས་བཀུར་དང་ཁྲིམས་སྲུང་ཚོང་གཉེར། ལས་སྐྲུན་གསར་གཏོད། སྤྱི་ཚོགས་དྲིན་འཇལ་བཅས་ཀྱི་དཔེ་བཟང་ཞིག་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་པ་ཚད་ལྡན་ཞིག་བྱེད་དགོས། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས། དམངས་གཉེར་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུར་ཁྲིད་སྟོན་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པའི་ཁྲོད་འབད་པས་ཞུགས་པ། ལས་དོན་གཙོ་བོ་བརྟན་སྲུང་བྱེད་པ། ཁེ་ལས་སྟོབས་ལྡན་དུ་གཏོང་བ་བཅས་བྱེད་དགོས། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ཡོང་བར་ཁྲིད་སྟོན་བྱས་ནས། དམངས་གཉེར་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པ་དང་དམངས་ལ་བདེ་སྐྱིད་སྔར་ལས་གང་ལེགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། ཆབ་སྲིད་འཛུགས་སྐྲུན་ཚོགས་པ་དང་མཐུན་སྒྲིལ་གསར་འཛུགས་ཚོགས་པ། ཞབས་ཞུ་དར་སྤེལ་ཚོགས་པ། བཅོས་སྒྱུར་སྟོབས་ལྡན་དུ་གཏོང་བའི་ཚོགས་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་ཇེ་དྲག་ཏུ་བཏང་སྟེ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཟམ་དང་ལས་རོགས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་གྱིས་ཚོགས་ཐོག་ནས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། དམངས་གཙོ་རྒྱལ་འཛུགས་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མེན་ཅིན་དང་། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཞུས་ལིའུ་ཕིང་གཉིས་ཀྱིས་སྔ་རྗེས་སུ་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་མི་དམངས་ཚོགས་པའི་ཚབ་བྱས་ཏེ་ཤིས་ཚིག་ཕུལ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་བཅས་ཚོགས་ཆེན་ལ་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་གིས་ཚོགས་ཆེན་ལ་མགོ་འཛིན་བྱས།

ཚོགས་ཆེན་གྱི་སྟེང་དུ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་ལས་བྱེད་པར་གཟེངས་བསྟོད་བྱས།

ཚོགས་ཆེན་གྱི་སྔོན་ལ་ཝང་ཧུའུ་ཉིང་སོགས་མགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མིར་མཇལ་འཕྲད་གནང་བར་མ་ཟད། གཟེངས་བསྟོད་ཐོབ་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་གི་འཐུས་མི་དང་སྔོན་ཐོན་ལས་བྱེད་པ་སོགས་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་མི་དམངས་ཚོགས་པའི་འགན་འཁུར་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་གི་འགན་འཁུར་བ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་འཐུས་མི། གཟེངས་བསྟོད་ཐོབ་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་གི་འཐུས་མི་དང་སྔོན་ཐོན་ལས་བྱེད་པ། དམངས་གཉེར་དཔལ་འབྱོར་མི་སྣའི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།