ཧན་ཀྲིན་གྱིས་ཨ་མེ་རི་ཁའི་ཅཱ་ལི་ཧྥུའུ་ཉི་ཡ་མངའ་སྡེའི་འགོ་གཙོ་ཉིའུ་སིན་ལ་མཇལ་འཕྲད་གནང་།
2023.10.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས25ཉིན་པེ་ཅིང་ནས་ཨ་མེ་རི་ཁའི་ཅཱ་ལི་ཧྥུའུ་ཉི་ཡ་མངའ་སྡེའི་འགོ་གཙོ་ཉིའུ་སིན་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན།  ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ནི་མིག་སྔའི་འཛམ་གླིང་གི་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཡིན་ལ།  གནད་དོན་ཁ་ཤས་གནས་ཡོད་ཀྱང་མཉམ་ལས་ནི་ཐོག་མཐའ་བར་གསུམ་གྱི་ཁ་ཕྱོགས་གཙོ་བོ་ཡིན།    ཉེ་ལམ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་པས།  ཀྲུང་གོ་དང་ཨ་མེ་རི་ཁའི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོ། ས་གནས་བཅས་ཀྱིས་མཐུན་སྦྱོར་དང་བརྗེ་རེས།  མཉམ་ལས་བཅས་ལ་ཤུགས་བསྣན་ཏེ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་ཐང་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་དགོས།    ཧྲང་ཧེ་སོགས་ས་ཁུལ་གྱིས་ཅཱ་ལི་ཧྥུའུ་ཉི་ཡ་དང་མཉམ་ལས་བྱེད་པ་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་ས་གནས་བརྗེ་རེས་ཀྱི་དཔེ་མཚོན་ཡིན་པ་དང་།   མ་འོངས་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ཡོད།    འགོ་གཙོ་ཉིའུ་སིན་གྱིས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་ཕྱོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་ཡར་སྐུལ་བྱེད་པ་དང་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ལེགས་བཅོས་བྱེད་པར་དྲང་ནུས་སྣོན་རྒྱུར་རེ་བཞིན་ཡོད།

ཉིའུ་སིན་གྱིས་བསྟན་དོན།   ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་དང་ལྷག་པར་དུ་ནུས་ཁུངས་གསར་བའི་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གྲུབ་འབྲས་ནི་བསྟོད་བསྔགས་བྱེད་འོས་པ་ཞིག་རེད།   ཨ་མེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ནི་རྒྱལ་ཕམ་གྱི་འགྲན་རྩོད་ཅིག་མིན་ལ།  ཅཱ་ལི་ཧྥུའུ་ཉི་ཡ་མངའ་སྡེས་ཀྲུང་གོའི་བར་དུས་ཡུན་རིང་བོར་མཉམ་ལས་བཟང་བོ་སྲུང་འཛིན་བྱེད་ངེས།    ངས་ཐེངས་འདིའི་འཚམས་འདྲིར་བརྟེན་ནས་ཅཱ་ལི་ཧྥུའུ་ཉི་ཡ་མངའ་སྡེས་ཀྲུང་གོའི་བར་དཔལ་འབྱོར་ཉོ་ཚོང་དང་གནམ་གཤིས་འགྱུར་ལྡོག   མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་སྔར་ལས་སྐུལ་འདེད་བཏང་སྟེ་ཕྱོགས་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད།

                                                                                               ལྷ་མོ་ཚེ་རིང་གིས་བསྒྱུར།