ཟླ10པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁོ་ལོམ་པི་ཡའི་ཙུང་ཐུང་ཕའེ་ཐི་ལོ་ལ་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཀྲུང་གོ་དང་ཁོ་ལོམ་པི་ཡའི་བར་གྱི་འབྲེལ་བ་དེ་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱས་པ་དངོས་སུ་ཁྱབ་སྒྲོག་གནང་།
ཟླ10པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁོ་ལོམ་པི་ཡའི་ཙུང་ཐུང་ཕའེ་ཐི་ལོ་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། ཕའེ་ཐི་ལོར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུ་བའི་རྣམ་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁོ་ལོམ་པི་ཡའི་བར་འབྲེལ་བ་བཙུགས་ནས་ལོ་ཞེ་གསུམ་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་ཆུང་གི་ཚོད་བགམ་ཐེག་ནས། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས་ཡོད། ཕྱོགས་གཉིས་ཀས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་ཅིང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་རྒྱབ་སྐྱོར་བྱས་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད་ལ། མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་ཉིན་རེ་བཞིན་མི་སེམས་ཀྱི་ཟབ་སར་སིམ་ཡོད། ཀྲུང་གོ་དང་ཁོ་ལོམ་པི་ཡ་རྒྱལ་ཁབ་གཉིས་ཀས་ཕན་ཚུན་བར་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་པ་དེ་ནི། རྒྱལ་ཁབ་གཉིས་ཀའི་ལས་རིགས་སོ་སོས་ཡུན་རིང་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ལ། ཕྱོགས་གཉིས་ཀས་ཕན་ཚུན་བར་ཡིད་ཆེས་དང་མཉམ་ལས་བྱས་པར་གྲུབ་འབྲས་ཐོབ་པའི་མཚོན་རྟགས་ཤིག་ཀྱང་ཡིན་པས། ཕྱོགས་གཉིས་ཀས་ཕན་ཚུན་བར་གྱི་འབྲེལ་བར་གཅེས་འཛིན་གང་ལེགས་བྱེད་པ་དང་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་རོགས་རེས་འབྲེལ་བས་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་དྲང་ནུས་སྣོན་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་ནང་སྙིང་རྒྱས་བཤད་གཏིང་ཟབ་གནང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡས་རང་བཙན་རང་བདག་གི་སྒོ་ནས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཅིང་། ཁོ་ལོམ་པི་ཡའི་ཞི་བའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཁོ་ལོམ་པི་ཡར་སྔ་མོ་ནས་ཁྱོན་ཡོངས་དང་ཡུན་རིང་། རྒྱུན་མཐུད་བཅས་ཀྱི་ཞི་བདེ་མངོན་འགྱུར་ཡོང་བར་རེ་ལྟོས་བྱེད་ཀྱིན་ཡོད། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་གྱི་འཕེལ་རིམ་གྱིས། ཁོ་ལོམ་པི་ཡ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་སྟེར་ཐུབ་པར་ཡིད་ཆེས་ཡོད། ཀྲུང་གོ་དང་ཁོ་ལོམ་པི་ཡའི་འབྲེལ་བས་འདྲ་མཉམ་དང་གཉིས་ཕན། གཉིས་རྒྱལ་བཅས་རྨང་རྟེན་དུ་བཟུང་ནས། ཁོ་ལོམ་པི་ཡ“རྒྱུད་གཅིག་ལམ་གཅིག”གི་ཁྱིམ་ཚང་ཆེན་པོའི་ནང་གང་མགྱོགས་ཀྱིས་ཞུགས་ཏེ། མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་ཀས་དཔལ་འབྱོར་ཚོང་དོན་མཉམ་འདྲེས་ཨུ་ཡོན་ལྷན་ཁང་གི་ལམ་སྲོལ་ཡག་པོར་སྤྱོད་པ་དང་། ཕྱོགས་གཉིས་ཀའི་ཚོང་དོན་གྲུབ་ཆ་སྔར་ལས་ཇེ་ལེགས་སུ་གཏོང་བ། ཆ་འཕྲིན་འཕྲིན་གཏོང་དང་གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡའི་ཁྱད་ལྡན་ཐོན་རྫས་སྤུས་ལེགས་སྔར་ལས་གང་མང་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་གཙང་མའི་མཉམ་ལས་རོགས་རེས་འབྲེལ་བའི་གྲོས་འགོའི་ཁྲོད་ཞུགས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་ཀས་རྒྱ་ཡིག་སློབ་ཁྲིད་དང་སྒྱུ་རྩལ་ཚོགས་པའི་བར་གྱི་ཕན་ཚུན་འཚམས་འདྲི། ཡུལ་སྐོར་སོགས་མི་གཞུང་རིག་གནས་བརྗེ་རེས་ལ་ཤུགས་སྣོན་རྒྱུ་དང་། དུག་འགོག་དང་རྒྱལ་མཚམས་ལས་བརྒལ་བའི་ནག་ཉེས་བཟོ་བའི་སྦྱོར་ངན་ལ་རྡུང་རྡེག་གཏོང་བ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་ཁྲིམས་འཛིན་མཉམ་ལས་ལ་ཤུགས་བསྣན་ཏེ། ཁོ་ལོམ་པི་ཡས་ཁོ་ལོམ་པི་ཡ་རུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ཁེ་ལས། ལས་ཁུངས་བཅས་ཀྱི་བདེ་འཇགས་ལ་འགན་ལེན་ཡག་པོ་བྱ་རྒྱུའི་རེ་བ་ཡོད། རྒྱལ་ཁབ་གཉིས་ཀ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས། ཕྱོགས་གཉིས་ཀས་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་གཏུག་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་ནུས་ལྡན་བྱ་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡས་ལཱ་ཏིང་མེ་གླིང་དང་ཅཱ་ལི་པིའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་ཉིས་སྟོང་ཉེར་ལྔ་ལོའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བར་རྟེན་འབྲེལ་ཞུས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་རྒྱུ་དང་། སྔར་སྲོལ་བཞིན་ལཱ་ཏིང་མེ་གླིང་དང་ཅཱ་ལེ་པིའི་ས་ཁུལ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ནས། སང་ལོར་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་གླེང་སྟེགས་བཙུགས་ནས་ལོ་བཅུ་འཁོར་བ་གོ་སྐབས་སུ་བརྩིས་ཏེ། དུས་རབས་གསར་བའི་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཕའེ་ཐི་ལོ་ཡིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཕ་ཁི་སི་ཐན་དང་དབྱི་སི་རལ་བར་གྱི་གནས་བབ་སོགས་གནད་དོན་ཐད་ནས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས། དམག་འཁྲུག་མཚམས་འཇོག་རྒྱུར་ཕན་པའི་ཐག་གཅོད་ཇུས་གཞི་གང་མགྱོགས་ངང་འཚོལ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་འགོ། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་ལམ་སྲོལ་ཁྲོད་ཕན་ཚུན་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ལཱ་ཏིང་མེ་གླིང་དང་ཀྲུང་གོའི་གླེང་སྟེགས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས། ཉིས་སྟོང་ཉེར་ལྔ་ལོར་སླེབས་སྐབས། ལཱ་ཏིང་མེ་གླིང་དང་ཀྲུང་གོའི་བར་གྱི་ཐུན་མོང་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུའི་གོ་སྐབས་སྤྱད་དེ། ལཱ་ཏིང་མེ་གླིང་དང་ཀྲུང་གོའི་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གང་ལེགས་གཏོང་འདོད་ཡོད་ཅེས་བསྟན།
གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཐོན་ལས་དངུལ་གཏོང་དང་ཉོ་ཚོང་། གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། ཞིང་ལས། ཚན་རྩལ། སློབ་གསོ། རིག་གནས། རིམས་ནད་ཞིབ་བཤེར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་བོ་བཀོད་པར་བདེན་དཔང་མཛད།
ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁོ་ལོམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་བར་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།
གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། ཕའེ་ཐི་ལོར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཞི་ཅིན་ཕིང་གིས་ཉིན་དེའི་དགོང་མོར་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ། ཕའེ་ཐི་ལོར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།
ཝང་དབྱི་གྲོས་མོལ་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།