ཟླ10པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨ་མེ་རི་ཁའི་ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེའི་འགོ་གཙོ་ཉིའུ་སིན་ལ་མཇལ་འཕྲད་གནང་།
ཟླ10པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨ་མེ་རི་ཁའི་ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེའི་འགོ་གཙོ་ཉིའུ་སིན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ནི། འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་གཉིས་ཡིན་པ་དང་། དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་གསུམ་ཆའི་གཅིག་ལས་བརྒལ་ཡོད་ཅིང་མི་འབོར་བསྡོམས་གྲངས་ཀྱིས་འཛམ་གླིང་གི་བཞི་ཆའི་གཅིག་ཙམ་ཟིན་ཡོད་ལ། ཕྱོགས་གཉིས་ཀའི་ཚོང་དོན་བསྡོམས་འབོར་གྱིས་འཛམ་གླིང་གི་ལྔ་ཆའི་གཅིག་ཙམ་ཟིན་ཡོད་པར་མ་ཟད། ཕྱོགས་གཉིས་ཀའི་བར་ཁེ་ཕན་མཉམ་འདྲེས་གཏིང་ཟབ་ལྡན། ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་འཕེལ་རྒྱས་བྱུང་ནས་ད་ལྟའི་བར་གྱི་གྲུབ་འབྲས་འདི་དག་ནི་ཐོབ་སླ་མོ་ཞིག་གཏན་ནས་མིན་པས། དེར་ལྡབ་འགྱུར་གྱི་སྒོ་ནས་གཅེས་འཛིན་གཅེས་སྐྱོང་བྱེད་རིན་ཡོད་པ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁར་འཛིན་པའི་སྲིད་ཇུས་ནི། ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་དེའི་ཕྱོགས་སུ་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ལ། ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་གཅིག་མཐུན་གྱི་ཕྱོགས་སུ་བསྐྱོད་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཁོང་གིས་དེ་སྔ་ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེ་རུ་འཚམས་འདྲི་གནང་མྱོང་བར་ཕྱིར་དྲན་མཛད་པ་དང་། ཀྲུང་གོའི་ལྗང་མདོག་ཚུལ་སྒྱུར་དང་དེ་བཞིན་འབྲེལ་ཡོད་ས་ཁུལ་གྱི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་གནང་། ཞི་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཡག་པོ་གཏོང་བར་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བའི་རྨང་གཞི་དམངས་ཁྲོད་དུ་ཡོད་པ་དང་། རེ་བ་མི་དམངས་ཀྱི་ཁྲོད་དུ་ཡོད་ལ། རེ་ལྟོས་བྱེད་ས་ན་གཞོན་ལ་རག་ལས་ཡོད་ཅིང་། གསོན་ཤུགས་རྒྱས་མིན་ས་གནས་ལ་ཐད་ཀར་འབྲེལ་བ་ཡོད། ངས་ཀྲུང་ཨའི་ལས་རིགས་སོ་སོའི་བར་གྱི་ཕན་ཚུན་འགྲོ་འོང་དང་ས་གནས་ཀྱི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཁྱོད་ཀྱིས་ད་ཐེངས་འཚམས་འདྲི་འདི་བརྒྱུད་དེ། ཕྱོགས་གཉིས་ཀའི་བར་ཕན་ཚུན་རྒྱུས་ལོན་ཡང་དག་བྱས་ནས། ཀྲུང་གོ་དང་ཅ་ལི་ཧྥུའུ་ཉི་ཡའི་བར་གྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། ཀྲུང་ཨའི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་ལྟོས་ཡོད། ལྗང་མདོག་འཕེལ་རྒྱས་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་ཁྲོད་དུ། ཀྲུང་ཨའི་མཉམ་ལས་ལ་སྦས་ཤུགས་ཧ་ཅང་ཆེན་པོ་ཡོད་པས། ཕྱོགས་གཉིས་ཀས་འདིའི་ཐད་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་ཨའི་འབྲེལ་བར་འཕེལ་རྒྱས་གསར་བ་མངོན་པར་འབད་དགོས་ཞེས་གསུངས།
ཉིའུ་སིན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཨ་མེ་རི་ཁ་དང་ཀྲུང་གོའི་བར་གྱི་འབྲེལ་བར་རྒྱུན་འཁྱོངས་བྱེད་འོས་པའི་རྩ་དོན་ལ་ང་རང་མོས་མཐུན་ཡོད། དགོངས་དོན་དེ་འདྲར་བརྟེན་ནས། ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེས་ཀྲུང་གོའི་བར་གྱི་འགྲོ་འོང་དང་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ། གནམ་གཤིས་འགྱུར་ལྡོག་དང་ནུས་ཁུངས་གསར་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཅ་ལི་ཧྥུའུ་ཉི་ཡ་ཀྲུང་གོའི་ཡུན་རིང་དང་འགྱུར་མེད། སྟོབས་ཆེན་བཅས་ཀྱི་མཉམ་ལས་ཟླ་གྲོགས་བྱེད་འདོད་ཡོད་ཟེར།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།