ཀྲའོ་ལི་ཅི་ཡིས་ཁོ་ལོམ་པི་ཡའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.10.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 30

ཟླ10པའི་ཚེས25ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཁོ་ལོམ་པི་ཡའི་ཙུང་ཐུང་ཕའེ་ཐི་ལོ་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཁོ་ལོམ་པི་ཡའི་བར་འབྲེལ་བ་བཙུགས་པའི་ཚུན་དུ། རྒྱལ་སྤྱིའི་གནས་བབ་ཇི་ལྟར་འགྱུར་རུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ནམ་ཡང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནམ་ཡང་འཐབ་ཇུས་ཀྱི་མཐོ་ཚད་དང་མིག་རྒྱང་རིང་བའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་། ཁོ་ལོམ་པི་ཡ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཁོ་ལོམ་པི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་བསྟར་བྱེད་པར་དམིགས་ནས་རིམ་པ་སོ་སོའི་འགྲོ་འོང་བརྗེ་རེས་ལ་ཤུགས་བསྣན་ནས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱེད་ཚད་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བར་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཁོ་ལོམ་པི་ཡ་དང་མཉམ་ལས་བྱེད་པར་ཤུགས་བསྣན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད།

ཕའེ་ཐི་ལོ་ཡིས་བསྟན་དོན། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་སོ་སོའི་བར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་མ་འོངས་པ་གཏོད་འདོད་ཡོད། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གྲོས་གཞི་རབ་དང་རིམ་པར་བསྟོད་བསྔགས་ཆེན་པོ་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་ལག་རྡང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་འདོད་ཡོད།

ཚའེ་ཏ་ཧྥུན་ཐུག་འཕྲད་ལ་ཞུགས།

ཁོ་ལོམ་པི་ཡའི་ཙུང་ཐུང་ཕའེ་ཐི་ལོ་ཡིས་ཟླ10པའི་ཚེས25ཉིན་གྱི་སྔ་དྲོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མི་དམངས་དཔའ་བོའི་དྲན་རྗེས་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།

མི་ཕམ་མགོན་པོས་བསྒྱུར།