ཟླ10པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྲིད་གཞུང་གི་མགོ་གཙོ་དང་ཙུང་ལིའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གཉིས་པར་ཞུགས་པ་དང་། ཅིར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་ཚར་རྗེས། གནམ་གྲུར་བསྡད་ནས་ཕྱིར་པེ་ཅིང་དུ་ལོག
ལིས་ཆང་པིས་ཧྲི་ཁའེ་ཁི་དང་གྱེས་སྐབས། ཅིར་ཅི་སི་སི་ཐན་གྱི་ཙུང་ལི་ཀྲ་ཕ་ལའོ་ཧྥུའུ་སོགས་ཀྱིས་གནམ་ཐང་དུ་སྐྱེལ་མ་ཞུས།
ས་དེའི་དུས་ཚོད་ཟླ10པའི་ཚེས26ཉིན། ཙུང་ལི་ལིས་ཆང་གིས་པིས་ཧྲི་ཁའེ་ཁི་རུ་སོ་སོར་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨུར་ཏན་དང་ཐ་ཇིག་སི་ཐན་གྱི་ཙུང་ལི་ལཱ་སུའུ་ཨར་ཙའོ་ཏ། དབྱི་ལང་གི་ཙུང་ཐུང་གཞོན་པ་དང་པོ་མུའུ་ཧི་པེ་ཨར་བཅས་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ཨའོ་ཡུན་ཨུར་ཏན་ལ་མཇལ་འཕྲད་གནང་སྐབས། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ནས། མཛའ་མཐུན་གྱི་སྲོལ་རྒྱུན་དར་སྤེལ་གང་ལེགས་གཏོང་བ་དང་ཆབ་སྲིད་ཐད་ཀྱི་ཡིད་ཆེས་བྱེད་ཚད་སྔར་ལས་ཇེ་བརྟན་དུ་གཏོང་བ། ཁྱབ་ཁོངས་སོ་སོའི་མཉམ་ལས་དང་ཕྱོགས་མང་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རང་སོ་སོའི་རྒྱལ་ཁབ་དར་རྒྱས་གོང་འཕེལ་གཏོང་ཆེད་སྒུལ་ཤུགས་སྔར་ལས་གང་མང་མཁོ་འདོན་བྱེད་འདོད་ཡོད་ཅེས་གསུངས།
ཨའོ་ཡུན་ཨུར་ཏན་གྱིས་མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། མོང་གོལ་དང་ཀྲུང་གོའི་འབྲེལ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་འདོད་ཡོད་ཅེས་བསྟན།
ལིས་ཆང་གིས་ལཱ་སུའུ་ཨར་ཙའོ་ཏ་ལ་མཇལ་འཕྲད་གནང་སྐབས། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལ་དམ་པོར་དམིགས་ཏེ། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཁྲིད་སྟོན་དུ་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ལཱ་སུའུ་ཨར་ཙའོ་ཏ་ཡིས་ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་ཇེ་བརྟན་དུ་བཏང་ནས།“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཁྱོན་ཡོངས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བསྟན།
ལིས་ཆང་གིས་མུའུ་ཧི་པེ་ཨར་ལ་མཇལ་འཕྲད་གནང་སྐབས། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལང་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། “རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་དང་མི་གཞུང་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་དབྱི་ལང་གི་མཉམ་ལས་ལ་གྲུབ་འབྲས་གསར་བ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
མུའུ་ཧི་པེ་ཨར་གྱིས་དབྱི་ལང་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་དབྱི་ལང་དང་ཀྲུང་གོའི་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུར་རྩེ་གཅིག་ཏུ་གཞོལ་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕན་ཚུན་སྦྲེལ་མཐུད་དང་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ནས། དབྱི་ལང་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ས་དེའི་དུས་ཚོད་ཟླ10ཚེས27ཉིན་གྱི་སྔ་དྲོར། ལིས་ཆང་གིས་པིས་ཧྲི་ཁའེ་ཁི་རུ། ཨུ་རུ་སི་དཀར་པོའི་ཙུང་ལི་ཀི་ལའོ་ཧྥུའུ་ཆིན་ཁི་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་རྒྱུ་དང་། ཆབ་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྒྲོམ་གཞིའི་འོག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་དུས་རྣམ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཀི་ལའོ་ཧྥུའུ་ཆིན་ཁི་ཡིས་ཨུ་རུ་སི་དཀར་པོས་ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་ཁེ་ཕན་གཙོ་བོར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་འབད་པས་ཞུགས་རྒྱུ་ཡིན། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཝུའུ་ཀྲིན་ལུང་མཇལ་འཕྲད་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།