རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། འཕྲལ་བསྟུན་དོ་དམ་པུའུ་ཡི་པུའུ་ཀྲང་ཝང་ཞང་ཞི་ཡིས་ཉེ་སྔོན་བཤད་རྒྱུར། གྲོང་ཁྱེར་གྱི་བདེ་འཇགས་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་མྱུར་དུ་བསྒྱུར་ནས། གྲོང་ཁྱེར་བདེ་འཇགས་འཁོར་སྐྱོད་ཀྱི་འགན་སྲུང་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས་ན། ཐོན་སྐྱེད་བདེ་འཇགས་ཀྱི་འབུར་ཐོན་ཉེན་ཁ་འགོག་སེལ་བྱེད་པ་དང་། སོལ་རླངས་དང་མེ་འགོག་མེ་གསོད། དམིགས་བསལ་སྒྲིག་ཆས། འཛུགས་སྐྲུན་ཨར་ལས། རང་སྐྲུན་ཁང་བ། ཉེན་ཁའི་དངོས་རྫས་སོགས་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་དོགས་ཟོན་བྱ་བར་ཤུགས་བསྣན་ནས། ལས་རྣམ་གསར་བའི་ཉེན་ཁ་གསར་བར་བདེ་འཇགས་ལྟ་སྐུལ་བྱེད་པའི་འགན་འཁྲི་ནན་དཀྲི་བྱེད་དགོས་ཟེར།
ཝང་ཞང་ཞི་ཡིས་ཉེ་སྔོན་འཚོགས་པའི་རྒྱལ་ཁབ་བདེ་འཇགས་འཕེལ་རྒྱས་དཔེ་སྟོན་གྲོང་ཁྱེར་གསར་འཛུགས་བྱ་བའི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། འབྱུང་སླ་བའི་རང་བྱུང་གནོད་འཚེའི་ཉེན་ཁ་སྔོན་འགོག་བྱེད་པ་དང་། གནས་ཡུལ་གཙོ་བོའི་ཉེན་ཁ་གྲལ་བཤེར་ལ་ཤུགས་སྣོན་པ། ས་གཤིས་གནོད་འཚེའི་ཉེན་ཁ་སྔ་མོ་ནས་ཤེས་རྟོགས་དང་སྐོར་ཞིབ་སྔོན་བརྡའི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་མཐའ་འཁོར་གྱི་ནགས་ཚལ་དང་རྩྭ་སའི་མེ་འགོག་ལོགས་བཀར་ཁུལ་འཛུགས་དགོས། མཉམ་དུ་འབྱུང་སྲིད་པའི་ཉེན་ཁ་འགོག་སེལ་བྱས་ཏེ། འཕྲལ་བསྟུན་ཇུས་གཞི་འཐུས་ཚང་བཟོས་ནས། སྒྲིག་ཆས་དང་དངོས་རྫས་སོགས་ཀྱི་འཕྲལ་བསྟུན་གྲ་སྒྲིག་དོན་འཁྱོལ་བྱེད་དགོས་ཟེར།
རྗེས་ཕྱོགས་ཀྱི་འཆར་གཞིའི་སྐོར་གླེང་སྐབས། ཝང་ཞང་ཞི་ཡིས་བཤད་རྒྱུར། དོན་རྐྱེན་ཚབས་ཆེན་གྱི་ཉེན་ཁར་ཆེད་དུ་གྲལ་བཤེར་བཅོས་སྐྱོང་བྱེད་པའི2023ལོའི་འགུལ་སྐྱོད་མུ་མཐུད་དུ་སྟོབས་ཤུགས་ཡོད་རྒུས་དམ་འཛིན་བཟང་བོ་བྱས་ཏེ། གཏེར་རི་དང་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས། མེ་འགོག་མེ་གསོད་སོགས་ཉེན་ཁ་ཆེ་བའི་ལས་རིགས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་གྱི་ཉེན་ཁར་རྩད་གཅོད་ཞིབ་བཤེར་ནན་མོ་བྱེད་དགོས། ཞིང་ཆེན་རིམ་པའི་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་མེ་གསོད་བྱ་བའི་དཔྱད་ཞིབ་སྐོར་ཞིབ་ལ་གཞོགས་འདེགས་བཟང་བོ་བྱས་ཏེ། གཅིག་གྱུར་བཀོད་སྒྲིག་ལ་ཤུགས་བསྣན་ནས། རང་ས་ཁུལ་གྱི་དཔྱད་ཞིབ་སྐོར་ཞིབ་ཀྱི་རྒྱུ་སྤུས་དང་ཕན་འབྲས་མཐོར་འདེགས་བྱེད་དགོས། སྟོན་ཁ་དང་དགུན་ཁའི་གནོད་འགོག་གནོད་སེལ་བྱ་བ་དམ་འཛིན་ལྷོད་མེད་བྱས་ཏེ། འཕྲལ་བསྟུན་ཇུས་གཞི་དང་སྟོབས་ཤུགས། དངོས་རྫས་བཅས་ཀྱི་གྲ་སྒྲིག་ལ་སྔར་ལས་ཤུགས་བསྣན་ནས། ཛ་དྲག་ཆེ་བའི་གནས་ཚུལ་བྱུང་ཚེ་སྟོབས་ཤུགས་ལྡན་པ་དང་གོ་རིམ་ཡོད་པའི་སྒོ་ནས་ཐག་གཅོད་དགོས། གནོད་ཐེབས་ས་ཁུལ་གྱི་གནོད་སྐྱོབ་རྒུད་སྐྱོབ་དང་མང་ཚོགས་བཀོད་སྒྲིག་གནས་ཚུལ་ལ་ཡུལ་དངོས་ནས་ཞིབ་བཤེར་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱིས་བདེ་འཇགས་ཡིན་ཞིང་དྲོད་ཁོལ་ལྡན་པའི་ངང་དགུན་བསྐྱལ་བར་ཁག་ཐེག་བྱེད་དགོས།