རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཚེས27ཉིན་པེ་ཅིང་ནས་ཐའེ་ཧུའུ་འཛམ་གླིང་རིག་གནས་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་བདུན་པར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིག་གནས་བརྗེ་རེས་སློབ་སྦྱོང་ལ་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད། ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་འདུ་ཤེས་བཏོན་ནས་ལོ་འཁོར་བཅུ་ལོན་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན། ལོ་བཅུའི་རིང་ལ། ཀྲུང་གོས་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་རྒྱུན་འཁྱོངས་བྱས་ཏེ། བརྗེ་རེས་སློབ་སྦྱོང་གི་ཤེས་རིག་གི་ལམ་ཞིག་བཏོད་ཡོད། ད་ལོའི་ཟླ3པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཏོན་ནས། འཛམ་གླིང་གི་རིག་གནས་སྣ་མང་རང་བཞིན་ལ་བརྩི་བཀུར་དང་། རིག་གནས་རྒྱུན་འཛིན་གསར་གཏོད་ལ་མཐོང་ཆེན་བྱེད་རྒྱུའི་གྲོས་གཞི་བཏོན། འདི་དག་ཚང་མས་ཀྲུང་གོའི་མིའི་རིགས་ཀྱི་རིག་གནས་གོང་འཕེལ་ལ་ཡར་སྐུལ་བྱེད་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བའི་ལྷག་བསམ་རྣམ་དག་མཚོན་ཡོད།
ཧན་ཀྲིན་གྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ལས་སྐལ་དམ་དུ་འབྲེལ་བའི་དེང་གི་དུས་འདིར། རིག་གནས་བརྗེ་རེས་སློབ་སྦྱོང་དེ་སྔར་ལས་ཀྱང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་ཟམ་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་གོང་དུ་སྤེལ་བའི་སྒུལ་ཤུགས། འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་བྱེད་པའི་སྦྲེལ་ཐག་ལྟ་བུར་གྱུར་ཡོད་ཅེས་བསྟན།
ཧན་ཀྲིན་གྱིས་གྲོས་གཞི་བཞི་བཏོན། གཅིག་ནི་རིག་གནས་གོང་འཕེལ་གྱི་སྣ་མང་རང་བཞིན་ལ་བརྩི་བཀུར་བྱེད་དགོས། རིག་གནས་འདྲ་མཉམ་དང་སློབ་སྦྱོང་། གྲོས་མོལ། དཀྱེལ་ཡངས་བཅས་རྒྱུན་འཁྱོངས་བྱས་ཏེ། རིག་གནས་མི་འདྲ་བས་ཕན་ཚུན་སློབ་སྦྱོང་དང་རྒྱུས་ལོན་བྱེད་པར་ཡར་སྐུལ་བྱེད་དགོས། གཉིས་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་དགོས། རིག་གནས་མི་འདྲ་བས་རིན་ཐང་དོན་སྙིང་ལ་བཅངས་པའི་ངོས་འཛིན་ལ་རྒྱུས་ལོན་བྱས་ཏེ། རང་གི་རིན་ཐང་ལྟ་བ་དང་ཐབས་ཤེས་དེ་གཞན་གྱི་ཐོག་ཏུ་བཙན་གྱིས་འཇོག་མི་རུང་། གསུམ་ནི་རིག་གནས་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། མི་དམངས་ཀྱི་གསར་གཏོད་ལ་བརྩི་བཀུར་བྱས་ཏེ། སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་སྒོས་མངོན་མཚོན་བྱེད་པ་དང་གསར་གཏོད་རང་བཞིན་སྒོས་གོང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས། བཞི་ནི་རིག་གནས་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་དགོས། གོ་སྐབས་སྔར་ལས་མང་བོ་དང་མཐུན་རྐྱེན་སྔར་ལས་བཟང་བོ་བསྐྲུན་ནས། རྒྱལ་སྤྱིའི་རིག་གནས་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། ཚད་ཆེས་མཐོ་བའི་སྒོ་ནས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་ལྟ་བ་གཅིག་སྡུད་བྱེད་དགོས།
སྐབས་འདིའི་ཐའེ་ཧུའུ་འཛམ་གླིང་རིག་གནས་གླེང་སྟེགས་ཀྱི་ལོ་ཚོགས་སྟེང་རིག་གནས་སློབ་སྦྱོང་སྟེ་མིའི་རིགས་ཀྱི་རིག་གནས་ཀྱི་རྣམ་པ་གསར་བ་མཉམ་སྐྲུན་བྱེད་པ་ཞེས་པ་བརྗོད་གཞིར་བཟུང་ཡོད་ལ། དམིགས་ཡུལ་ནི་ཀྲུང་ཕྱིའི་རིག་གནས་བརྗེ་རེས་མཉམ་ལས་དང་རིག་གནས་མི་འདྲ་བས་ཕན་ཚུན་སློབ་སྦྱོང་བྱེད་པ་དང་དཔྱད་གཞིར་འཛིན་པར་ཡར་སྐུལ་བྱ་རྒྱུ་དེ་རེད། རྒྱལ་ཁབ་མང་བོའི་དཔོན་རིགས་གཙོ་བོ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། ཆེད་མཁས་པ་དང་རིག་གནས་པ་སོགས་མི་སྟོང་གཅིག་ཙམ་ཚོགས་འདུར་ཞུགས།