དགོངས་པ་གསར་པས་སྐྱོད་ལམ་གསར་པར་སྣེ་འདོམས་བྱས།
2023.10.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས། འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་བ་དང་འགྲན་ལམ་གསར་བ་བསྐྲུན་རྒྱུ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་ལེགས་ཆ་གསར་བ་བསྐྲུན་རྒྱུ་ནི་དུས་ཀྱི་འཁོར་ཕྱོགས་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་ངེས་བླང་བྱ་ཞིག་ཀྱང་ཡིན་ཞེས་གསུངས། ད་ལོར། རང་རྒྱལ་གྱིས་གསར་གཏོད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། སྲོལ་རྒྱུན་གྱི་དགེ་མཚན་སྔར་ལས་སྲ་བརྟན་དུ་གཏོང་བའི་དུས་མཚུངས་སུ། ནུས་ཁུངས་གསར་བ་དང་དུས་རབས་གསར་བའི་ཆ་འཕྲིན་ལག་རྩལ་སོགས་ཀྱི་ཁྱབ་ཁོངས་སུ་མུ་མཐུད་མཁྲེགས་གཏོར་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་གསར་བ་བསྐྲུན་ཡོད།

གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་དུ། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་ཐང་དུས་མཚུངས་ལས་བརྒྱ་ཆའི་བཞི་འཕར་ཡོད་ཅིང་། དེའི་ནང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་བརྒྱ་ཆའི་དྲུག་འཕར་བ་དང་། གྲུ་གཟིངས་བཟོ་བའི་ལས་རིགས་ཀྱི་དམིགས་འབེན་ཆེན་པོ་གསུམ་གྱིས་སྔར་སྲོལ་བཞིན་འཛམ་གླིང་གི་མདུན་གྲས་ཟིན་ཡོད། བཟོ་སྐྲུན་ལས་རིགས་མུ་མཐུད་དུ་རྒྱ་བསྐྱེད་དེ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་ཡོང་བར་རྨང་གཞི་བརྟན་པོ་བཏིངས།

དེ་དང་ཆབས་ཅིག་ཏུ། ཐོན་ལས་གསར་བ་དང་ལག་རྩལ་གསར་བ། ཐོན་རྫས་གསར་བ་བཅས་རིམ་པར་ཐོན་ཡོད་ཅིང་། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ནུས་ཁུངས་གསར་བའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་སོ་སོར་དུས་མཚུངས་ལས33.7%དང37.5%འཕར་ནས། འདུས་གྲུབ་གློག་ལམ་དང་འོད་ནུས་གློག་རྡུལ་ལྷུ་ལག་སོགས་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕར་ཚད་མངོན་གསལ་རེད། སྒྲིག་ཆས་བྱེ་བ་དགུ་ཙམ་བཟོ་ལས་དྲ་སྦྲེལ་བྱས་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་དུས་ཚོད་ཆ་སྙོམས20%ཇེ་ཐུང་དུ་ཕྱིན་ནས། རང་རྒྱལ་དུ་གཞི་གྲངས་ཅན་གྱི་འཁོར་ཁང་དང་རིག་ནུས་བཟོ་གྲྭ་ཁྲི་ཙམ་བསྐྲུན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་བ་དང་དང་ནོར་བ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། ཚན་རྩལ་གསར་གཏོད་ཐད་ནས་ཐོད་བརྒལ་གསར་བ་ཡོང་བར་བྱེད་པ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་ཁྲིད་སྟོན་ནུས་ལྡན་བྱས་ཏེ། ཐོན་ལས་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་བསྐྲུན་དགོས་ཞེས་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཅང་སུའུ་རུ་ས་གནས་རང་གི་ལག་རྩལ་གསར་བས་ཐོན་ལས་གསར་བ་གསོ་སྐྱོང་དང་ཐོན་ལས་རིམ་སྤོར་ལ་ཁྲིད་སྟོན་ཟམ་མི་ཆད་པར་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཧེ་ལུང་ཅང་དུ། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་གྲུབ་པར་བྱས་ནས། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་ཆེ་རུ་གཏོང་དགོས་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིས་ཅང་ཞི་རུ། “རྩ་བ་བརྟན་གཏོང་དང་གསར་བ་དར་སྤེལ་གཏོང་དགོས”ཞེས་ནན་གྱིས་གསུངས་ནས། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་གྱི་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྔར་ལས་འཕེལ་རྒྱས་སྟོབས་ལྡན་དུ་གཏོང་བ། འབྱུང་འགྱུར་ཐོན་ལས་ལ་བཀོད་སྒྲིག་གང་ལེགས་བྱེད་དགོས་ཞེས་གསུངས།

མིག་སྔར། རང་རྒྱལ་གྱིས་གསར་གཏོད་ཀྱི་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ། མཁོ་སྤྲོད་ཕྲེང་འབྲེལ། གཞི་གྲངས་སྦྲེལ་མཐུད། དངུལ་རྩ་སྦྲེལ་མཐུད། ཞབས་ཞུའི་ཕྲེང་འབྲེལ། འཇོན་མིའི་ཕྲེང་འབྲེལ་ཅས་ཕྱོགས་ཡོངས་ནས་སིམ་འདྲེས་རྒྱུན་འཁོར་ཡོང་བར་སྐུལ་འདེད་གང་མགྱོགས་གཏོང་བཞིན་ཡོད་པ་དང་། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་དང་ཐོན་ལས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བཞིན་ཡོད་ལ། སྒུལ་ནུས་གསར་རྙིང་བརྗེ་སྤོར་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་བཞིན་ཡོད་པར་མ་ཟད། དཔལ་འབྱོར་གྲུབ་ཆའི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གང་ལེགས་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་མྱུར་ངང་མངོན་འགྱུར་ཡོང་བར་འབད་འབུངས་བྱེད་ཀྱིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།