རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས30ཉིན་པེ་ཅིང་དུ་ཨ་མེ་རི་ཁའི་སྟག་མཆོང་རུ་ཁག་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་། ཧན་ཀྲིན་གྱིས་བསྟན་དོན། ཅང་མ་འགོར་བའི་སྔོན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁ་དང་ཀྲུང་གོའི་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་དང་སྟག་མཆོང་རུ་ཁག་གི་དམག་མི་རྒན་པར་འཕྲིན་ལན་བསྐུར། ཀྲུང་གོ་མི་དམངས་ཀྱིས་སྟག་མཆོང་རུ་ཁག་གི་དཔའ་མཛངས་ཀྱི་བྱས་རྗེས་ཐོག་མཐའ་བར་གསུམ་དུ་ཡིད་ལ་དམ་པོར་བཅངས་ནས་གྲོགས་པོ་རྙིང་བ་བརྗེད་མི་སྲིད། ལོ80ལྷག་གི་ཡར་སྔོན་དུ། ཀྲུང་གོ་དང་ཨ་མེ་རི་ཁས་ཧྥ་ཤི་སིར་འགོག་རྒོལ་བྱེད་ཆེད་དཔུང་བ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་པ་དང་། སྟག་མཆོང་རུ་ཁག་གི་གཏམ་བཟང་གིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཚེ་སྲོག་དང་ཟུང་ཁྲག་གིས་བསྐྲུན་པའི་མཛའ་བརྩེ་ཟབ་མོ་མཚོན་ཡོད། མིག་སྔའི་འཛམ་གླིང་གི་འགྲན་རྩོད་གལ་ཆེན་མང་བོར་སྔར་བཞིན་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱིས་མཉམ་ལས་བྱས་ཏེ་མཉམ་དུ་ཁ་གཏད་འཇལ་དགོས། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་འཇོག་དགོས། སྟག་མཆོང་རུ་ཁག་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཐུབ་པར་རེ་ལྟོས་བྱེད་བཞིན་ཡོད།
ཨ་མེ་རི་ཁ་དང་ཀྲུང་གོའི་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ཀི་ལིན་དང་སྟག་མཆོང་རུ་ཁག་གི་དམག་མི་རྒན་པ་མའོ་ཡེ་མའེ་ཁུ་མཱ་ལུན་སོགས་ཀྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་བར་མ་ཟད་ཀྲུང་གོར་འཚམས་འདྲི་བྱེད་ཐུབ་པར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད་ལ། སྟག་མཆོང་རུ་ཁག་གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བཏང་སྟེ་ཨ་མེ་རི་ཁ་དང་ཀྲུང་གོའི་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་བར་ནུས་ཤུགས་འདོན་ངེས་ཡིན་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།