ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་གི་ཉམས་སད་ཐེག་ཅིང་བློ་དཀར་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་པ། ཕུལ་དུ་བྱུང་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ། ཏང་དང་རྒྱལ་ཁབ་ཀྱི་རྨད་བྱུང་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བདུན་པ་དང་སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཟུར་པ་བློ་མཐུན་ལི་ཁེ་ཆང་གི་སྐུ་གདུང་ཟླ11པའི་ཚེས2ཉིན་པེ་ཅིན་དུ་སྦྱིན་སྲེག་བྱ་རྒྱུ་རེད།
བློ་མཐུན་ལི་ཁེ་ཆང་གི་སྐུ་གདུང་ཟླ10པའི་ཚེས27ཉིན་ཆེད་བཏང་གནམ་གྲུས་ཧྲང་ཧའེ་ནས་པེ་ཅིང་ལ་སྲུང་སྐྱེལ་བྱས་ཡོད།
བློ་མཐུན་ལི་ཁེ་ཆང་ལ་མྱ་ངན་ཞུ་ཆེད། ཟླ11པའི་ཚེས2ཉིན། རྒྱལ་སའི་གནམ་བདེ་སྒོ་མོ་ཆེ་དང་ཞིན་ཧྭ་སྒོ་ཆེན། མི་དམངས་ཚོགས་ཁང་ཆེན་མོ། ཕྱི་འབྲེལ་པུའུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོའི་ཏང་ཨུ་དང་སྲིད་གཞུང་གནས་ཡུལ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ། མཐའ་མཚམས་ཀྱི་འགག་སྒོ་སོ་སོ། ཕྱི་ཕྱོགས་མཚོ་མཁའ་གྲུ་ཁ། ཕྱིར་སྡོད་ཀྲུང་གོའི་གཞུང་ཚབ་དོན་གཅོད་ཁང་བཅས་ཀྱིས་རྒྱལ་དར་ཕྱེད་ལ་ཕབ་ནས་མྱ་ངན་ཞུ་རྒྱུ་རེད།