ཝང་ཧུའུ་ཉིན་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་འགོ་རྩོམ་ཚོགས་འདུར་ཞུགས།
2023.11.01 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་ཚེས31ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོགས་འགོ་བརྩམས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་པར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིན་འགོ་རྩོམ་ཚོགས་འདུར་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་གདན་ཞུས་ལྟར་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཧི་ལིས་ཧྥིན་གྱིས་བསྟན་དོན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ལ་བརྩིས་ནས་གསར་གཏོད་རང་བཞིན་གྱི་ལས་དོན་རབ་དང་རིམ་པ་སྤེལ་བས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་གལ་ཆེན་སྤོས་ཡོད། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། དུས་བབ་གསར་པ་དང་ལས་འགན་གསར་པ་སྟངས་འཛིན་འཕྱུགས་མེད་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་ལ་ཤུགས་སྣོན་རྒྱག་པ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་སྐུལ་འདེད་ཧུར་ཐག་གཏོང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བདེ་འཇགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་ཅིག་གཏོད་དགོས། རྩ་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ནས་ནུས་ལྡན་གྱི་ཁྲོམ་ར་དང་སྲིད་གཞུང་ལ་ཕན་པ་བསྐྲུན་རྒྱུ་གཉིས་ཟུང་འབྲེལ་སྔར་ལས་ཡག་པོ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་གྲུབ་འབྲས་ཏན་ཏིག་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

འགོ་རྩོམ་ཚོགས་འདུའི་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་དེང་རབས་ཞིང་ལས་ཀྱི་ཞན་ཆ་དང་མི་འདང་ས་ཁ་གསབ་བྱེད་དགོས་ཞེས་པ་དང་། ནུས་ཁུངས་གསར་པའི་ཐོན་ལས་ཀྱི་སླར་སྐྱེས་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད་མ་ལག་མགྱོགས་མྱུར་ངང་འཛུགས་དགོས་ཞེས་པ། དམངས་གཉེར་ཁེ་ལས་ཀྱི་བདག་དབང་དང་ཁེ་ལས་པའི་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱས་ནས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་དམངས་གཉེར་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོ་སྲ་བརྟན་དུ་གཏོང་དགོས་ཞེས་པ། རྒྱལ་ཁབ་ཀྱི་རིག་གནས་གྲངས་འཛིན་ཅན་གྱི་འཐབ་ཇུས་ལག་བསྟར་བྱས་ནས་གཞི་གྲངས་རིག་གནས་ཐོན་ལས་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་དགོས་ཞེས་པ་སོགས་ཀྱི་རྟོག་ཞིབ་སྙན་ཞུ་ལ་ཉན་པ་དང་། 《ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག》བཟོ་བཅོས་འཆར་ཟིན་མ་ཟིན་སྐོར་གྱི་གསལ་བཤད་ལ་ཉན།

ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ཡུན་ཉིན་གཉིས་དང་ཕྱེད་ཀ་ཡིན་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཆེད་དོན་ལྔ་ལ་དམིགས་ནས་ཚན་ཆུང་བགོས་ཏེ་གྲོས་བསྡུར་བྱས་པར་མ་ཟད། བརྙན་ལམ་ནས་ཧི་པེ་དང་། ཧྥུའུ་ཅན། ཡུན་ནན། མཚོ་སྔོན་བཅས་ཀྱི་སྲིད་གྲོས་དང་འབྲེལ་ཡོད་ཆེད་དོན་ལ་དམིགས་ནས་གྲོས་མོལ་བྱས།