ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་བཞི་པར་འགོ་འཛིན་གནང་།
2023.11.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 119

ཟླ10བའི་ཚེས31ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤེས་བྱའི་བདག་དབང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བར་འདེགས་སྐྱོར་བྱེད་དགོས་ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས་ཆེད་དོན་སློབ་སྦྱོང་ཐེངས་བཞི་པ་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཆེད་དོན་སློབ་སྦྱོང་ལ་འགོ་འཛིན་བྱས་པ་དང་། པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དབྱི་ཅི་མེན་གྱིས་འགྲེལ་བཤད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་དང་། ཀྲང་གོ་ཆིན། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས།

ལིས་ཆང་གིས་འཆད་ཁྲིད་དང་བརྗེ་རེས་གཏམ་བཤད་ལ་གསན་རྗེས་ཀྲུང་གོའི་ཁྱད་ཆོས་དང་འཛམ་གླིང་གི་ཆུ་ཚད་ལྡན་པའི་ཤེས་བྱའི་བདག་དབང་གི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཤེས་བྱའི་བདག་དབང་གི་རྒྱལ་ཁབ་སྟོབས་ཆེན་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་ཆེར་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤེས་བྱའི་བདག་དབང་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་ཤེས་བྱའི་བདག་དབང་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། ཤེས་བྱའི་བདག་དབང་གི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལིས་ཆང་གིས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱ་རྒྱུར་དམིགས་ཏེ་རང་རྒྱལ་གྱི་ཤེས་བྱའི་བདག་དབང་གསར་གཏོད་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དགོས་མཁོ་དང་བསྟུན་ནས་ཤེས་བྱའི་བདག་དབང་གི་བཅའ་ཁྲིམས་མ་ལག་དང་། དོ་དམ་སྒྲིག་གཞི། སྲིད་ཇུས་མ་ལག་བཅས་མགྱོགས་མྱུར་ངང་འཛུགས་པ་དང་། ལག་རྩལ་གསར་པ་དང་འཚམ་པའི་ཤེས་བྱའི་བདག་དབང་སྒྲིག་སྲོལ་མ་ལག་བཙུགས་ནས་ཐོན་ལས་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་གཏོད་ཆེད་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་དམིགས་ཏེ་ཁྲོམ་ར་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་ཤེས་བྱའི་བདག་དབང་གཞན་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁེ་ཐོབ་བདག་དབང་གཞན་སྒྱུར་བེད་སྤྱོད་ཀྱི་ཆེད་དོན་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ནས་ཤེས་བྱའི་བདག་དབང་མང་འདུས་ཅན་གྱི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཤེས་བྱའི་བདག་དབང་གཞན་སྒྱུར་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་དམིགས་ཏེ་ཞིབ་བཤེར་དབང་བསྐུར་དང་། སྲིད་འཛིན་ཁྲིམས་འཛིན། ཁྲིམས་འཛིན་སྲུང་སྐྱོང་། འདུམ་གཅོད་འདུམ་འགྲིག ལས་རིགས་རང་གཅུན། སྤྱི་དམངས་ཀྱི་ཡིད་རྟོན་སོགས་ལྷུ་ཚིགས་ཁག་གི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ་ཁྱོན་ཡོངས་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤེས་བྱའི་བདག་དབང་གི་བཙན་གནོད་ཆད་གཅོད་རང་བཞིན་གྱི་གུན་གསབ་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྡེ་ཁག་དང་ས་ཁོངས་ལས་བརྒལ་བའི་ཁྲིམས་འཛིན་མཉམ་འགུལ་དང་དང་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་ཆེད་ལས་ཅན་དང་དེང་རབས་ཅན། རིག་ནུས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་ཤར་བགྲོད་ཐུབ་རྒྱུར་དམིགས་ཏེ་གཞི་གྲངས་ཆེན་མོ་དང་མིས་བཟོས་རིག་ནུས་སོགས་ལག་རྩལ་གསར་པ་དང་བྱེད་ཐབས་གསར་པ་སྤྱོད་མཁས་པོ་བྱས་ནས་རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་ཤེས་བྱའི་བདག་དབང་གི་གཞི་གྲངས་སྤྱི་པའི་ཞབས་ཞུའི་ལས་སྟེགས་འཛུགས་པ་དང་། ཁེ་ལས་དང་དམངས་ལ་ཕན་པའི་ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ཤེས་བྱའི་བདག་དབང་གི་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཤེས་བྱའི་བདག་དབང་གི་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཤེས་བྱའི་བདག་དབང་གི་རྒྱལ་སྤྱིའི་རྩོད་གཞི་ལ་ཁ་གཏད་འོས་འཚམ་གཅོག་པ་བཅས་བྱས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་བེད་སྤྱོད་སྔར་ལས་ཡག་པོ་བྱེད་དགོས།