ཞི་ཅིན་ཕིང་གིས་ཁུ་པའི་ཚན་རིག་པ་ཕའེ་ཏི་ལི་ལ་འཕྲིན་ཡིག་བསྐུར།
2023.11.01 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 145

ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པའི་མིང་དུ་གྲགས་པའི་ཚན་རིག་པ་ཕའེ་ཏི་ལི་ལ་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན།   ཁྱེད་ཀྱིས་དུས་ཡུན་རིང་བོར་ཁུ་པ་དང་ཀྲུང་གོའི་དམིགས་བསལ་མཛའ་མཐུན་འབྲེལ་བའི་སྐུལ་སྤེལ་ཐད་ཤུགས་བཏོན་པ་དང་།   ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་ཞིབ་མཉམ་ལས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་མང་པོ་བླངས་པས།    ངས་ཁྱེད་དང་ཁྱེད་ཀྱིས་སྣེ་ཁྲིད་པའི་རུ་ཁག་ལ་རྟེན་འབྲེལ་ཞུས་པ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།   རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ནི་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན།   རྒྱལ་ཁབ་སོ་སོས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལས་དོན་ལ་མཉམ་དུ་ཡར་སྐུལ་བྱེད་དགོས།  ད་ལོ་ནི་ངས་རྒྱུད་གཅིག་ལམ་གཅིག་གྲོས་འགོ་བཏོན་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན།   གྲོས་འགོ་དེའི་རྩ་བའི་འགོ་རྩོམ་ས་དང་རྐང་འཛུགས་ས་ནི་ཐག་ཉེ་རིང་གི་ཁྱིམ་མཚེས་དག་ཐུན་མོང་འཕེལ་རྒྱས་འགྲོ་བའི་བྱེད་ཐབས་གསར་པ་འཚོལ་ཞིབ་བྱེད་རྒྱུ་དེ་ཡིན་ལ།    རྒྱལ་ཁབ་ཁག་ལ་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་ལ་ཕན་པའི་བདེ་སྐྱིད་ཀྱི་ལམ་བུ་བཏོད་རྒྱུ་དེ་ཡིན།   ལོ་བཅུའི་རིང་ལ།    ཀྲུང་གོ་ཕྱོགས་ཀྱིས་མཉམ་འཛུགས་རྒྱལ་ཁབ་བར་མགྱོགས་མྱུར་སྒོས་ཚན་རྩལ་བརྗེ་རེས་དང་ཤེས་བྱ་མཉམ་སྤྱོད་བྱས་པ་དང་།    རྒྱུན་ཆད་མེད་པར་གསར་གཏོད་ཁོར་ཡུག་ལེགས་སྒྱུར་དང་གསར་གཏོད་ཐོན་ཁུངས་གཅིག་བསྡུས་བྱས་ལ།   ཚན་རྩལ་གསར་གཏོད་མཉམ་ལས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་གྲུབ་འབྲས་མངོན་གསལ་བླངས།

ཞི་ཅིན་ཕིང་གིས་བསྟན་དོན།  ཀྲུང་གོ་དང་ཁུ་པའི་འགོ་ཁྲིད་རྒན་རབས་པ་དག་གིས་མཉམ་དུ་བསྐྲུན་པའི་སྲོལ་རྒྱུན་མཛའ་བརྩེར་འཕེལ་རྒྱས་ཆེན་པོ་བྱུང་སྟེ་རྒྱུན་ཆད་མེད་པར་གྲུབ་འབྲས་བཟང་བོ་བླངས།   ན་ནིང་གི་ཚུན་ལ།  ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཁུ་པའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་པའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་།    ངས་ལྷག་བསམ་རྣམ་དག་གིས་དུས་རབས་གསར་པའི་ཀྲུང་གོ་དང་ཁུ་པ་གཉིས་ཀྱི་ཚན་རྩལ་དང་བཅས་པའི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཐད་རེ་བཞིན་ཡོད།

མིག་སྔར།   ཁུ་པའི་མིང་དུ་གྲགས་པའི་ཚན་རིག་པ་ཕའེ་ཏི་ལི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ།   རང་གིས་སྣེ་ཁྲིད་པའི་རུ་ཁག་གིས་ཀྲུང་གོ་རུ་ཀླད་པའི་ཚན་རིག་ཞིབ་འཇུག་ལ་སྐུལ་འདེད་དང་ཀྲུང་གོ་དང་ཁུ་པའི་དབང་རྩའི་ལག་རྩལ་མཉམ་ལས་ཐད་བླངས་པའི་གྲུབ་འབྲས་མཚམས་སྦྱོར་བྱས་པ་དང་།   མུ་མཐུད་དུ་ཀྲུང་གོ་དང་ཁུ་པའི་མཛའ་བརྩེར་ཡར་སྐུལ་བྱེད་པ་དང་རྒྱུད་གཅིག་ལམ་གཅིག་གྲོས་འགོ་དེ་འཛམ་གླིང་གི་ཁྱབ་ཁོངས་སྔར་ལས་ཆེན་པོ་ནས་དོན་འཁྱོལ་བྱེད་པར་སྟོབས་ཤུགས་འབུལ་འདོད་ཡོད་ཅེས་བསྟན།

                                                                                                 ལྷ་མོ་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།