ཟླ11པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཁ་ན་ཏའི་ཙུང་ལི་ཟུར་པ་ཁི་ལེ་ཏིས་ཨན་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་བསྟན་དོན། ཁྱེད་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་དང་གྲོགས་པོ་བཟང་བོ་ཡིན་ལ། ཙུང་ལིའི་འགན་འཁུར་བའི་ལོ་བཅུ་ནི་ཀྲུང་གོ་དང་ཁ་ན་ཏའི་བར་གྱི་འབྲེལ་བའི་རྫོགས་ལྡན་གྱི་ལོ་བཅུ་ཡིན་ཞིང་། གོ་གནས་ལས་བབས་རྗེས་སྔར་བཞིན་ཀྲུང་གོ་དང་ཁ་ན་ཏའི་མཛའ་མཐུན་བྱ་གཞག་གི་ཆེད་དུ་མུ་མཐུད་དུ་འབད་བརྩོན་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཁ་ན་ཏའི་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་ལོ་རྒྱུས་བགྲོད་ལམ་དུ་བསྐྱོད་པ་དང་། སྐྱོན་བྲལ་དང་བརྟན་ལྷིང་གི་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལའང་ཕན་པ་ཡོད། ཀྲུང་གོ་དང་ཁ་ན་ཏ་གཉིས་ཀ་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཡིན་པས་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་བསྣན་ནས་གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་ཧྲིལ་བོའི་རང་བཞིན་གྱི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་འཇལ་དགོས། བཅོས་སྒྱུར་སྒོ་འབྱེད་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན་པས། ང་ཚོས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་ཚད་ཇེ་མགྱོགས་སུ་བཏང་ནས། ཁ་ན་ཏའི་ཁེ་ལས་སྔར་ལས་མང་བོ་ཀྲུང་གོར་དངུལ་གཏོང་ལས་སྐྲུན་བྱེད་པར་ཡོང་ནས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།
ཁི་ལེ་ཏིས་ཨན་གྱིས་བསྟན་དོན། ཁ་ན་ཏ་དང་ཀྲུང་གོ་ནི་རང་བྱུང་མཉམ་ལས་གྲོགས་པོ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གྱི་ཁ་གསབ་རང་བཞིན་ཆེ་ལ། མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེན་པོ་ཡོད་པས། རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་དང་མཛའ་མཐུན་བརྗེ་རེས་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་དུ་སྟོབས་ཤུགས་ཕུལ་ནས་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བའི་ཡུན་རིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།