བདེན་འཚོལ་དུས་དེབ་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།
2023.11.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ11པའི་ཚེས1ཉིན་གྱི་བདེན་འཚོལ་དུས་དེབ་འདོན་ཐེངས་ཉེར་གཅིག་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ།《སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་གི་གསུང་བཤད》ཅེས་པ་འགྲེམས་སྤེལ་བྱས།

རྩོམ་ཡིག་ལས་རྩིས་བཤེར་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། རྩིས་བཤེར་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་དང་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་དམིགས་ཡུལ་ནི། ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་གཅིག་བསྡུས་དང་གཅིག་གྱུར་གྱི་སྒོ་ནས་མགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱུའི་ཆེད་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པའི་ཚུན་ལ། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་རྩིས་བཤེར་སྒྲིག་གཞིའི་བརྒྱུད་རིམ་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་བསྐྱར་འཛུགས་ལ་སྐུལ་འདེད་ནུས་ལྡན་བཏང་བར་བརྟེན། རྩིས་བཤེར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་འོག་ཏུ། རྩིས་བཤེར་ལས་དོན་དེ་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་རྩིས་བཤེར་གྱི་བགྲོད་ལམ་གསར་བའི་སྟེང་དངོས་སུ་བསྐྱོད་པ་དང་། དུས་རབས་གསར་བའི་རྒྱལ་སྲིད་སྐྱོང་ལུགས་ཀྱིས་རྩིས་བཤེར་ཁྱབ་ཁོངས་ཁྲོད་དུ་ལམ་ལུགས་ཀྱི་གྲུབ་འབྲས་གལ་ཆེན་བླངས་ཡོད། གཅིག་ནས་རྩིས་བཤེར་དོ་དམ་གྱི་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་གཅིག་བསྡུས་གཅིག་གྱུར་གྱི་སྒོ་ནས་མགོ་ཁྲིད་གནང་བ་རྒྱུན་ཆད་མེད་པར་ཞིབ་ཕྲ་ཅན་དང་དངོས་ཡོད་ཅན། ལམ་ལུགས་ཅན་བཅས་སུ་གྱུར་ཡོད། གཉིས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྩིས་བཤེར་ལས་དོན་གྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ཡོད། གསུམ་ནས་རྩིས་བཤེར་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་རང་རྟོགས་རང་བཞིན་སྔར་ལས་ཇེ་དྲག་ཏུ་ཕྱིན་པ་དང་གཅིག་མཐུན་རང་བཞིན་སྔར་ལས་ཆེ་རུ་ཕྱིན་པ། དམིགས་བསལ་གྱི་ལྟ་སྐུལ་ནུས་པ་སྔར་ལས་མངོན་གསལ་ཅན་དུ་ཕྱིན་པ་བཅས་ཀྱི་རྣམ་པ་མངོན་ཡོད། བཞི་ནས་རྩིས་བཤེར་དག་ཐེར་གྱི་སྤྱིའི་རྣམ་པ་རགས་ཙམ་གྲུབ་ནས། རྩིས་བཤེར་གྱི་གྲུབ་འབྲས་བེད་སྤྱོད་དང་རྒྱུན་མཐུད། མཐུན་སྦྱོར་བཅས་བྱས་པ་སྔར་ལས་བདེ་བླག་དང་དབང་གྲགས་ལྡན་པ། ལས་ཆོད་ཆེ་བ་བཅས་མངོན་འགྱུར་བྱས་ཡོད་ཅེས་ནན་གྱིས་བསྟན།

རྩོམ་ཡིག་ལས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་བའི་སྟེང་དུ། རྩིས་བཤེར་གྱིས་འགན་འཁྲི་གལ་ཆེན་འཁུར་ནས་དཔལ་འབྱོར་ལྟ་སྐུལ་གྱི་ངེས་གནས་ནས་རྐང་ཚུགས་པར་བྱེད་པ་དང་འགན་འཁྲི་གཙོ་བོར་དམ་དུ་དམིགས་ཏེ། ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་ཁྲོད་རྩིས་བཤེར་གྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྐབས་གསར་བའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གང་མགྱོགས་ངང་བསྐྲུན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཁྱོན་ཡོངས་རང་བཞིན་དང་ཡུན་ཕན་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས། རྩིས་བཤེར་ཁྱབ་ཁོངས་ཀྱི་འཐབ་ཇུས་ཇུས་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་བསྣན་ཏེ། རྩིས་བཤེར་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་ཞེས་བསྟན།

རྩོམ་ཡིག་ལས་རྩིས་བཤེར་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྔར་ལས་སྐུལ་འདེད་གཏོང་དགོས། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་གི་རྩིས་བཤེར་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱ་ནི། གཅིག་བསྡུས་གཅིག་གྱུར་དང་ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་ལྡན་ལ་ཕན་འབྲས་ཆེ་བ་བཅས་ཀྱི་རྩིས་བཤེར་ལྟ་སྐུལ་མ་ལག་བཙུགས་ནས། རྩིས་བཤེར་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་སྔར་ལས་ཡག་པོ་བྱེད་པའི་ཐད་ནུས་ཤུགས་གཅིག་སྡུད་བྱེད་དགོས་པ་དང་། ཞིབ་ཕྲའི་བླང་བྱ་ནི“གཤམ་གྱི་དོན་ཚན་གསུམ”སྒྲུབ་དགོས། གཅིག་ནས་རྩིས་བཤེར་ལྟ་སྐུལ་ལ་གཅིག་སྡུད་གཅིག་གྱུར་གྱིས་བཀོད་འདོམས་བྱས་ནས། ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ནས། རྩིས་བཤེར་མ་ལག་ནང་ཁུལ་དུ་གོང་འོག་འབྲེལ་མཐུད་དང་གོམ་སྟབས་གཅིག་གྱུར་གྱི་རྒྱལ་ཡོངས་བསམ་ཇུས་གཅིག་གི་རྣམ་པ་གྲུབ་པར་བྱས་ནས། རྩིས་བཤེར་གྱི་ཆབ་སྲིད་ངོ་བོ་དང་ཆབ་སྲིད་ཀྱི་ནུས་པ་མངོན་སུམ་གྱིས་ཆེ་རུ་བཏང་སྟེ། ཏང་ཀྲུང་དབྱང་གི་བསམ་འདུན་དང་བཀོད་སྒྲིག་གནད་ལ་འཁེལ་བར་བྱེད་པ་དང་དེར་གོ་བ་གཏིང་ཟབ་ལེན་པ། དེ་དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། གཉིས་ནས་རྩིས་བཤེར་ལྟ་སྐུལ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ནས། རྩིས་བཤེར་བྱ་ཡུལ་ལ་རྩིས་བཤེར་བྱ་རྒྱུ་དེ་གྲིབ་གཟུགས་བཞིན་དུ་དུས་དང་རྣམ་པ་ཀུན་ཏུ་ཉེ་འགྲམ་དུ་ཡོད་པ་ལྟ་བུའི་ཚོར་སྣང་ཡོད་པར་བྱེད་དགོས། རྣམ་པའི་ཐོག་ནས་བཤད་ན། སྤྱི་པའི་མ་དངུལ་དང་རྒྱལ་དབང་རྒྱུ་ནོར། རྒྱལ་དབང་ཐོན་ཁུངས་བཅས་དོ་དམ་དང་བེད་སྤྱོད་གཏོང་མཁན་གྱི་ས་གནས་དང་སྡེ་ཁག ལས་ཁུངས་བཅས་ཚང་མའི་རྩིས་བཤེར་ལྟ་སྐུལ་བྱེད་དབང་ལ་ཆད་ལུས་གཅིག་ཀྱང་མེད་པ་དང་དམིགས་བསལ་གང་ཡང་མེད་པའི་རྒྱུན་རྣམ་ཅན་དང་འགུལ་རྣམ་ཅན་གྱི་ཟིལ་གནོན་རྣམ་པ་ཞིག་གྲུབ་པར་འབད་དགོས། ནང་དོན་གྱི་ཐད་ནས་སྤུས་ཚད་དང་ལས་ཆོད་ལ་ལྟ་རྟོག་བྱས་ཏེ། དོན་དངོས་ཀྱི་ཟིལ་ཤུགས་ཆགས་པར་བྱེད་དགོས། གསུམ་ནས་རྩིས་བཤེར་ལྟ་སྐུལ་གྱི་དབང་གྲགས་དང་ཕན་འབྲས་སྔར་ལས་ཆེ་བར་བྱས་ཏེ། རྩིས་བཤེར་ལྟ་སྐུལ་བདེ་བླག་ངང་ལག་བསྟར་བྱེད་པ་དང་། རྩིས་བཤེར་བྱས་འབྲས་ཕན་འབྲས་ལྡན་པའི་ངང་སྤྱོད་ཐུབ་པར་བྱེད་པ། རྩིས་བཤེར་གྱི་ནུས་པ་འདོན་སྤེལ་ནུས་ལྡན་བཅས་བྱེད་དགོས། ཕྱོགས་གཅིག་ནས་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་དཔལ་འབྱོར་ལྟ་སྐུལ་གྱི“དམིགས་བསལ་རུ་ཁག”བསྐྲུན་ཏེ། གནད་དོན་འཕྱུགས་མེད་དང་གཏིང་ཟབ་པ། མཐིལ་རྟོགས་བཅས་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་རྩིས་བཤེར་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་འབྲེལ་མཐུད་མཉམ་ལས་ཡག་པོ་ཡོང་བར་བྱས་ནས། ལྟ་སྐུལ་གྱི་མཉམ་ཤུགས་ཤིག་གྲུབ་པར་བྱེད་དགོས། རྩིས་བཤེར་གྱི་ཁྱད་དབང་ནི་ཏང་ཀྲུང་དབྱང་གིས་གནང་བ་ཡིན་པས། ངེས་པར་དུ་ཏང་ཀྲུང་དབྱང་ལ་འགན་འཁུར་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལག་ཆ་ཡག་པོ་བྱེད་དགོས་ཞེས་བསྟན།

རྩོམ་ཡིག་ལས་ད་ལོའི་རྩིས་བཤེར་ལས་དོན་ཏན་ཏིག་ངང་སྒྲུབ་དགོས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་རྒྱུ་དང་། གཙོ་བོ་བཟུང་ན་ཡན་ལག་ངང་གིས་ཐོན་པའི་དཔེ་ལྟར་དུ། ཁྱོན་ཡོངས་ལ་ཁྱབ་པའི་གནད་དོན་གལ་ཆེན་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ས་ཁུལ་དང་སྡེ་ཁག ལས་ཁུངས་བཅས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་པ་དང་། བརྟན་པོའི་ངང་འཕར་རྒྱུ་དང་དངོས་གོང་བརྟན་པོ་ཡོང་བར་དམ་པོར་དམིགས་པ། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ལ་དམ་པོར་དམིགས་པ། དམངས་ཚིས་ཚད་མཐའ་བརྟན་པོ་ཡོང་བར་དམ་པོར་དམིགས་པ། སྤྱི་འདོམས་འཕེལ་རྒྱས་དང་བདེ་འཇགས་ལ་དམ་པོར་དམིགས་པ། དབང་ཆ་ཚད་ལྡན་ངང་འཁོར་སྐྱོད་ཐུབ་པར་དམ་པོར་དམིགས་པ་བཅས་བྱེད་དགོས། རྩིས་བཤེར་དག་ཐེར་བྱེད་པ་དང་གནད་དོན་གསལ་སྟོན་བྱེད་པ་གཉིས་ཀ་གལ་ཆེན་ཡིན་པས། ངེས་པར་དུ་དེ་གཉིས་ཀའི་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས། རྩིས་བཤེར་གྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ཏེ། རྩིས་བཤེར་དག་ཐེར་ཐད“མཉམ་སྡེབ་བྱེད་ཐབས”ཡག་པོ་སྤྱོད་དགོས་ཞེས་བསྟན།

རྩོམ་ཡིག་ལས་རྩིས་བཤེར་གྱི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ད་ལོ་ནི་རྩིས་བཤེར་ལས་ཁུངས་བཙུགས་ནས་ལོ་བཞི་བཅུ་འཁོར་བའི་ལོ་ཡིན། རྩིས་བཤེར་གྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་བོ་རྒྱུན་འཛིན་བྱས་ནས། ལས་རིགས་ཀྱི་སྙིང་སྟོབས་བསྐྲུན་རྒྱུ་དང་ཆེད་ལས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཁྲིམས་བཤེར་ནན་མོ་བྱས་ཏེ་བློ་དཀར་སེམས་དཀར་དང་སྤྱོད་གཙང་། འགན་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་རྩིས་བཤེར་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་རྩིས་བཤེར་ལས་དོན་ལ་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། འགན་འཁུར་བློ་མཐུན་གཙོ་བོས་རྩིས་བཤེར་ལས་དོན་དངོས་སུ་དམ་འཛིན་དང་དངོས་སུ་དོ་དམ་བྱས་ཏེ། རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་བྱེད་རྒྱུ་དང་། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།