བློ་མཐུན་ལི་ཁེ་ཆང་གི་སྐུ་གདུང་པེ་ཅིང་ནས་སྦྱིན་སྲེག་བྱས་པ་དང་ཞི་ཅིན་ཕིང་སོགས་པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོར་ཕེབས་ནས་སྐུ་གདུང་སྐྱེལ་མ་ཞུས།
2023.11.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཟླ11པའི་ཚེས2ཉིན། བློ་མཐུན་ལི་ཁེ་ཆང་གི་སྐུ་གདུང་པེ་ཅིང་པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་རུ་སྦྱིན་སྲེག་བྱས། ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་རུ་ཕེབས་ནས་སྐུ་གདུང་སྐྱེལ་མ་ཞུས། ཧུའུ་ཅིན་ཐའོ་ཡིས་མེ་ཏོག་གི་ཕྲེང་བ་ཕུལ་ནས་བློ་མཐུན་ལི་ཁེ་ཆང་སྐུ་གཤེགས་པར་གདུང་སེམས་དྲག་པོས་མྱ་ངན་ཞུས།   འདི་ནི་ཞི་ཅིན་ཕིང་གིས་བློ་མཐུན་ལི་ཁེ་ཆང་གི་ཁྱིམ་མི་ལ་ཕྱག་འཇུ་གནང་ནས་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུ་བཞིན་པའི་ཚུལ་རེད། 

ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་གི་ཉམས་སད་ཐེག་པའི་བློ་དཀར་གཞུང་དྲང་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་པ། ཕུལ་དུ་བྱུང་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ། ཏང་དང་རྒྱལ་ཁབ་ཀྱི་རྨད་བྱུང་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བདུན་པ་དང་སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཟུར་པ་བློ་མཐུན་ལི་ཁེ་ཆང་གི་སྐུ་གདུང་ཟླ11པའི་ཚེས2ཉིན་པེ་ཅིན་པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་རུ་སྦྱིན་སྲེག་བྱས།

བློ་མཐུན་ལི་ཁེ་ཆང་ལ་གློ་བུར་དུ་སྙིང་ནད་ཕོག་པའི་དབང་གིས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར་ཟླ10པའི་ཚེས27ཉིན་གྱི་ནམ་གུང་གི་ཆུ་ཚོད་བཅུ་གཉིས་དང་སྐར་མ་བཅུའི་སྟེང་དུ་ཧྲང་ཧའེ་རུ་སྐུ་གཤེགས་པ་དང་། དགུང་ལོ68རེད།

བློ་མཐུན་ལི་ཁེ་ཆང་མྱུར་སྐྱོབ་བྱེད་པའི་སྐབས་དང་སྐུ་གཤེགས་རྗེས་ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན། ཧུའུ་ཅིན་ཐའོ་སོགས་བློ་མཐུན་སྨན་ཁང་དུ་འཚམས་འདྲིར་ཕེབས་པ་དང་། ཡང་ན་བྱེད་ཐབས་གཞན་དག་བརྒྱུད་ནས་བློ་མཐུན་ལི་ཁེ་ཆང་སྐུ་གཤེགས་པར་གདུང་སེམས་དྲག་པོས་མྱ་ངན་ཞུས་པར་མ་ཟད། ཁོང་གི་ཁྱིམ་མི་ལ་སེམས་གཏིང་ནས་འཚམས་འདྲི་ཞུས། ཚེས2ཉིན་གྱི་སྔ་དྲོར་པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོའི་ཚོམས་ཆེན་དུ་མྱ་ངན་གྱི་རོལ་དབྱངས་དམའ་མོར་གྲགས་བཞིན་ཡོད། ཚོམས་ཆེན་གྱི་སྟེང་དུ་མ་གདན་ནག་པོའི་ཐོག་ལ་ཡི་གེ་དཀར་པོས་བྲིས་པའི“གདུང་སེམས་དྲག་པོས་བློ་མཐུན་ལི་ཁེ་ཆང་ལ་མྱ་ངན་ཞུ”ཞེས་པའི་འཕྲེད་བྱང་བཀལ་ཡོད་ལ། དེའི་འོག་ཏུ་བློ་མཐུན་ལི་ཁེ་ཆང་གི་སྐུ་བརྙན་བཞག་ཡོད།  བློ་མཐུན་ལི་ཁེ་ཆང་གི་སྐུ་གདུང་མེ་ཏོག་གི་ཁྲོད་དུ་བཞག་ཡོད་པ་དང་། སྐུ་གདུང་སྟེང་དུ་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བཀབ་ཡོད།       སྔ་དྲོའི་ཆུ་ཚོད་9ཡས་མས་སུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་མྱ་ངན་གྱི་རོལ་དབྱངས་ཁྲོད་གོམ་སྟབས་དལ་མོས་བློ་མཐུན་ལི་ཁེ་ཆང་གི་སྐུ་གདུང་མདུན་དུ་ཡོང་ནས་མྱ་ངན་གྱི་གུས་ཕྱག་ལན་གསུམ་ཕུལ་བར་མ་ཟད། བློ་མཐུན་ལི་ཁེ་ཆང་གི་ཁྱིམ་མི་ལ་རེ་རེ་བཞིན་ཕྱག་འཇུ་གནང་ནས་སེམས་གཏིང་ནས་འཚམས་འདྲི་ཞུས། ཧུའུ་ཅིན་ཐའོ་ཡིས་མེ་ཏོག་གི་ཕྲེང་བ་ཕུལ་ནས་བློ་མཐུན་ལི་ཁེ་ཆང་སྐུ་གཤེགས་པར་གདུང་སེམས་དྲག་པོས་མྱ་ངན་ཞུས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཡུལ་དངོས་སུ་ཡོང་ནས་སྐྱེལ་མ་ཞུས་པར་མ་ཟད། བྱེད་ཐབས་སྣ་ཚོགས་བརྒྱུད་ནས་མྱ་ངན་ཞུས། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་བློ་མཐུན་ལི་ཁེ་ཆང་སྐུ་འཚོ་བཞུགས་དུས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་སྐུ་གདུང་སྐྱེལ་མ་ཞུ་བར་ཡོང་།