བློ་མཐུན་ལི་ཁེ་ཆང་གི་སྐུ་ཚེ་ཧྲིལ་བོའི་མཛད་རྣམ།
2023.11.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེག་པའི་བློ་དཀར་གཞུང་དྲང་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་པ། ཁྱད་དུ་འཕགས་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ། ཏང་དང་རྒྱལ་ཁབ་ཀྱི་ཕུལ་དུ་བྱུང་བའི་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་བདུན་པ་དང་སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཟུར་པ་བློ་མཐུན་ལི་ཁེ་ཆང་ལ་གློ་བུར་དུ་སྙིང་ནད་ཕོག་སྟེ། ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་ཀྱང་མ་ཕན་པར2023ལོའི་ཟླ10པའི་ཚེས27ཉིན་གྱི་ནམ་གུང་གི་ཆུ་ཚོད་བཅུ་གཉིས་དང་སྐར་མ10སྟེང་ཧྲང་ཧེ་ནས་སྐུ་གཤེགས་པ་དང་། དགུང་ལོ68རེད།

བློ་མཐུན་ལི་ཁེ་ཆང་ནི་ཨན་ཧོས་ཏེན་ཡོན་གྱི་མི་ཡིན་ལ། 1955ལོའི་ཟླ7པའི་ཚེས3ཉིན་ཨན་ཧོས་ཏེན་ཡོན་དུ་སྐྱེས། 1962ལོའི་ཟླ9པ་ནས་1974ལོའི་ཟླ3པའི་བར། སྔ་གཞུག་ཏུ་ཧི་ཧྥེ་གྲོང་ཁྱེར་ནན་མིན་སློབ་འབྲིང་དང་སློབ་འབྲིང་བརྒྱད་པ་རུ་སློབ་སྦྱོང་བྱས། 1973ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པར་ཞུགས།ཁོང་ཉིད་གཞོན་དུས་ནས་བཟུང་ཏང་ལ་དགའ་བ་དང་མེས་རྒྱལ་ལ་དགའ་ཞིང་མི་དམངས་ལ་དགའ། སློབ་སྦྱོང་ལ་དཀའ་བ་སྤྱད་པ་དང་ཡར་ཐོན་བརྩོན་ལེན་མཛད། 1974ལོའི་ཟླ3པ་ནས་བཟུང་། ཨན་ཧོས་ཧྥིན་དབྱང་རྫོང་ཏ་མེའོ་ཀུང་ཧྲེ་ཏུང་ལིན་རུ་ཆེན་དུ་རུ་ཞུགས་མཛད། 1976ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། 1976ལོའི་ཟླ11པ་ནས1978ལོའི་ཟླ3པར་ཨན་ཧོས་ཞིང་ཆེན་ཧྥིན་དབྱང་རྫོང་ཏ་མེའོ་ཀུང་ཧྲེ་ཏ་མེའོ་རུ་ཆེན་གྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་བཞེས། 1978ལོའི་ཟླ3པ་ནས1982ལོའི་ཟླ2པར་པེ་ཅིང་སློབ་ཆེན་བཅའ་ཁྲིམས་སྡེ་ཁག་ཏུ་སློབ་སྦྱོང་གནང་བ་དང་། སློབ་གྲྭའི་སློབ་མའི་ཚོགས་པའི་འགན་ཁུར་པ་མཛད་མྱོང་།

1982ལོའི་ཟླ2པ་ནས་བཟུང་། བློ་མཐུན་ལི་ཁེ་ཆང་གིས་སྔ་གཞུག་ཏུ་པེ་ཅིང་སློབ་ཆེན་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་གི་རྒྱུན་ལས་ཨུ་ཡོན། གུང་གཞོན་ཚོགས་པ་ཀྲུང་དབྱང་སློབ་གྲྭ་པུའུ་ཡི་པུའུ་ཀྲང་གི་ཞོར་དུ་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ཚོགས་པའི་དྲུང་ཡིག་ཆེན་མོ། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྗེས་སྣོན་ཧྲུའུ་ཅི། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའི་ཞོར་དུ་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་ན་གཞོན་གདོང་ལེན་རུ་ཁག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས། 1993ལོའི་ཟླ3པ་ནས་བཟུང་། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོའི་ཞོར་དུ་ཀྲུང་གོ་ན་གཞོན་ཆབ་སྲིད་སློབ་གླིང་གི་གླིང་གཙོའི་འགན་བཞེས། རྒྱལ་ཡོངས་དམངས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས། ཁོང་གིས་ཏང་གི་ལས་འགན་གཙོ་བོར་དམ་དུ་དམིགས་ནས་གུང་གཞོན་ཚོགས་པའི་བྱ་བར་ཐུགས་བསམ་བཞེས་པ་དང་བཀོད་སྒྲིག་གནང་ལ། རྩ་འཛུགས་མཛད་དེ་དུས་སྐབས་གསར་བའི་རང་རྒྱལ་གྱི་ན་གཞོན་བྱ་བའི་འཕེལ་རྒྱས་འཐབ་ཇུས་དང་། ཀྲུང་གོའི་གཞོན་བྱིས་བསམ་བློ་ཀུན་སྤྱོད་དང་རིག་གནས་སྣང་ཚུལ་གྱི་བརྟག་དཔྱད་ཆེན་པོ་སྤེལ་ཞིང་། དུས་རབས་བརྒལ་བའི་ན་གཞོན་དཔལ་ཡོན་བཟོ་སྐྲུན་དང་དུས་རབས་བརྒལ་བའི་ན་གཞོན་འཇོན་མིའི་བཟོ་སྐྲུན་བཏོན་པར་མ་ཟད་ལག་བསྟར་བྱེད་པར་སྐུལ་འདེད་གནང་བ་དང་། རེ་སྨོན་ལས་གཞི་དང་ན་གཞོན་དང་བླངས་པ། ན་གཞོན་དཔལ་ཡོན་རྟགས་ཅན། སྡེ་བ་ཁྲིར་ཞབས་འདེགས་ཞུས་ཏེ་དབུལ་གཏོར་མཁྲེགས་གཏོར་བྱས་ཏེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་འགུལ་སྐྱོད་སོགས་ཀྱི་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། གུང་གཞོན་ཚོགས་པའི་བྱ་བར་སྐུལ་འདེད་ཆེན་པོ་གནང་སྟེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུས།

1998ལོའི་ཟླ6པ་ནས་བཟུང་། བློ་མཐུན་ལི་ཁེ་ཆང་གིས་ཧི་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཚབ་མ། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས། སྐབས་དེར་རྨ་ཆུའི་ཞོད་འགོག་སྤྱིའི་བཀོད་འདོམས་ཁང་གི་སྤྱི་ཁྱབ་བཀོད་འདོམས་པའི་འགན་ཞོར་དུ་བཞེས། ཁོང་གིས་དབུས་རྒྱུད་དར་རྒྱས་ཀྱི་འབད་འཐབ་དམིགས་འབེན་བཏོན་ནས། ཞིང་ཆེན་གྱི་གོང་འོག་ཡོངས་སུ་འཕེལ་རྒྱས་ཀྱི་ཐུན་མོང་ལྟ་བ་གྲུབ་པར་བྱས། ཤར་ཕྱོགས་སུ་སྔོན་ཐོན་ལག་རྩལ་དང་དོ་དམ་ཉམས་མྱོང་འདྲེན་པ་དང་། ནུབ་ཕྱོགས་སུ་དབུས་ནུབ་རྒྱུད་ཀྱི་ཁྲོམ་ར་གསར་སྤེལ་བྱེད་པའི་ཤར་འདྲེན་ནུབ་སྤེལ་གྱི་འཐབ་ཇུས་བཏོན་པར་མ་ཟད་ལག་བསྟར་མཛད་དེ། ཧི་ནན་གྱི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་སྤེལ་བྱེད་པར་འབད་པ་ལྷོད་མེད་གནང་། གྲོང་ཁྱེར་གཙོ་བོ་དང་གྲོང་རྡལ་གཙོ་བོའི་སྐུལ་ཁྲིད་འཐབ་ཇུས་ཧུར་ཐག་གིས་ལག་བསྟར་མཛད་དེ། རྒྱལ་ཡོངས་སུ་ཐུན་མིན་གྱི་ཁྱད་སྟོབས་ལྡན་ཞིང་ཤན་ཤུགས་གལ་ཆེན་ལྡན་པའི་དབུས་རྒྱུད་གྲོང་ཁྱེར་ཚོགས་ཀྱི་དཔལ་འབྱོར་དར་རྒྱས་རྒྱུད་གྲུབ་པར་བྱས། བཟོ་ལས་ཅན་དང་མཁར་གྲོང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ཆེན་པོ་བཏང་བ་དང་མཉམ་དུ། ཞིང་ལས་དེང་རབས་ཅན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་ཆེས་ཆེར་ཇེ་མཐོར་འགྲོ་བར་སྐུལ་འདེད་གནང་བ་དང་། ཧི་ནན་གྱི་ཞིང་ལས་ཞིང་ཆེན་ཆེན་པོའི་ཞིང་ལས་རྨང་གཞིའི་གོ་གནས་སྔར་ལས་སྲ་བརྟན་དུ་བཏང་ལ། ཧི་ནན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་ལས་དོན་སྣ་ཚོགས་གོང་འཕེལ་མྱུར་མོ་འབྱུང་བར་སྐུལ་འདེད་གནང་བས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་།

2004ལོའི་ཟླ12པ་ནས་བཟུང་། བློ་མཐུན་ལི་ཁེ་ཆང་གིས་ལེའོ་ཉིང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས། ཁོང་གིས་བྱང་ཤར་དར་རྒྱས་དང་མཚོ་འགྲམ་སྒོ་འབྱེད་ཀྱི་གོ་སྐབས་གཉིས་དམ་འཛིན་གནང་ནས། རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་ཧུར་ཐག་གིས་ཟབ་སྤེལ་མཛད་པ་དང་། གནས་ལྔ་ལམ་གཅིག་ཅེས་པའི་མཚོ་འགྲམ་དཔལ་འབྱོར་རྒྱུད་བསྐྲུན་ཞིང་། གྲུ་ཁའི་བཟོ་ལས་དང་མཚོ་རྒྱུད་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བཏང་བ་དང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་གཅིག་བསྡུས་ཁུལ་བསྐྲུན་ལ། གཅིག་བསྡུས་མུ་འབྲེལ་གྱི་སྤྱི་ཁང་ཁུལ་སྒྱུར་བཀོད་དང་ལས་ཞུགས་པ་མེད་པའི་ཁྱིམ་ཚང་གི་ལས་ཞུགས་ལ་ཡར་སྐུལ་བྱེད་པ་སོགས་ཀྱི་དམངས་ཚིས་བཟོ་སྐྲུན་བཏོན་པར་མ་ཟད་དེ་ལག་བསྟར་བྱེད་པར་རྩ་འཛུགས་གནང་ནས། རྫོང་ཁོངས་དཔལ་འབྱོར་ཧུར་ཐག་གིས་འཕེལ་རྒྱས་སུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་བཀོད་སྒྲིག་གནང་བས། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་དངོས་ཤུགས་རིམ་པ་གསར་བར་སླེབས་པ་དང་། འཕེལ་རྒྱས་ཀྱི་རྗེས་སྟོབས་སྔར་ལས་ཇེ་ཆེར་གྱུར་ལ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་འགྱུར་གྱིས་ཇེ་མཐོར་སོང་སྟེ། དཔལ་འབྱོར་མྱུར་དུ་གོང་འཕེལ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་གྱི་རྣམ་པ་བཟང་བོ་བྱུང་ལ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་དང་ཏང་གི་འཛུགས་སྐྲུན་སོགས་ཕྱོགས་ཡོངས་ནས་སྤེལ་ཏེ། ལེའོ་ཉིང་བཟོ་ལས་རྟེན་གཞི་རྙིང་བ་དར་རྒྱས་སུ་གཏོང་བར་གྲུབ་འབྲས་མངོན་གསལ་བླངས།

2007ལོའི་ཟླ10པར། བློ་མཐུན་ལི་ཁེ་ཆང་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན་དུ་བདམས། 2008ལོའི་ཟླ3པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའམ་ཏང་ཙུའུ་ཧྲུའུ་ཅི་གཞོན་པའི་འགན་བཞེས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་བྱ་བ་ཁུར་དུ་བཞེས་ལ། འཕེལ་རྒྱས་བཅོས་སྒྱུར་དང་ནོར་སྲིད། རྒྱལ་ཁོངས་ཐོན་ཁུངས། ཁོར་ཡུག་སྲུང་སྐྱོབ། འཛུགས་སྐྲུན། འཕྲོད་བསྟེན་བཅས་ཐད་ཀྱི་བྱ་བ་ཁུར་དུ་བཞེས། དེའི་སྐབས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་འགག་གསུམ་བཟོ་སྐྲུན་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སོགས་ཀྱི་འགན་ཞོར་དུ་བཞེས། ཁོང་གིས་རམ་འདེགས་གནང་ནས་རྒྱལ་སྤྱིའི་དངུལ་རྩའི་ཉེན་ཚབས་ལ་ཁ་གཏད་འཇལ་བ་དང་། དཔལ་འབྱོར་སྒྲིག་གཞི་མྱུར་དུ་ལེགས་སྒྲིག་བྱེད་པ། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། ནུས་རྒྱུ་གྲོན་ཆུང་དང་བཙོག་རྫས་ཉུང་འབུད་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབས། ཁོང་གིས་གཞི་རྩ་སྲུང་བ་དང་གཞི་རིམ་ལ་ཤུགས་སྣོན་པ། རྐྱེན་སྲོལ་འཛུགས་པ་བཅས་སྨན་བཅོས་འཕྲོད་བསྟེན་བཅོས་སྒྱུར་བྱ་བའི་གཙོ་གནད་དུ་བཟུང་སྟེ། སྨན་བཅོས་འགན་སྲུང་དང་། སྨན་རྫས། སྨན་བཅོས་བཅས་ཕྱོགས་གསུམ་མཉམ་སྒུལ་བྱེད་པར་སྐུལ་འདེད་གནང་། འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་ཧུར་ཐག་གིས་སྤེལ་ནས། མི་དམངས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ལ་ཡར་སྐུལ་གནང་། ཁོང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བགྲོད་ལམ་གསར་བ་འབད་བརྩོན་གྱིས་འཚོལ་ཞིབ་མཛད་དེ། གོང་འཕེལ་དུ་གཏོང་ཞོར་སྲུང་སྐྱོབ་བྱེད་པ་དང་སྲུང་སྐྱོབ་བྱེད་ཞོར་གོང་འཕེལ་དུ་གཏོང་རྒྱུ་རྒྱུན་འཁྱོངས་མཛད་དེ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་བར་ཆད་བཟོ་བ་དང་མང་ཚོགས་ཀྱི་བདེ་ཐང་ལ་གནོད་སྐྱེལ་བའི་འབུར་དུ་ཐོན་པའི་ཁོར་ཡུག་གནད་དོན་ཐག་གཅོད་གནང་།     2012ལོའི་ཟླ11པར། བློ་མཐུན་ལི་ཁེ་ཆང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཡང་བསྐྱར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་དུ་བདམས། 2013ལོའི་ཟླ3པར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་། ཁོང་ཉིད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་རུ་བསྐོས་པ་དང་། ཟླ་དེ་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས། རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་དམིགས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཁོང་གིས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་གནང་ནས། ཆེ་ཕྱོགས་སྙོམས་སྒྲིག་ཧུར་ཐག་གིས་འཐུས་ཚང་དུ་བཏང་བ་དང་། སྔོན་སྒྲིག་ཕྲ་སྙོམས་ལ་གཙིགས་འཛིན་དང་ཕྱོགས་ངེས་སྙོམས་སྒྲིག་ལ་གཙིགས་འཛིན་གནང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཧུར་ཐག་གིས་སྤེལ་བ་དང་། སྤྱིའི་དགོས་མཁོ་ཧུར་ཐག་གིས་རྒྱ་བསྐྱེད་དེ། རིམ་པ་སྔར་ལས་མཐོ་བའི་འདོན་སྤྲོད་དང་དགོས་མཁོའི་འགུལ་རྣམ་དོ་མཉམ་མངོན་འགྱུར་བྱེད་པར་སྐུལ་འདེད་གནང་། སྒུལ་ནུས་གསར་རྙིང་མྱུར་མོར་བརྗེ་སྤོར་གནང་བ་དང་། གསར་དར་ཐོན་ལས་ཤུགས་ཆེན་པོས་གོང་དུ་སྤེལ་ལ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་མཐོར་འདེགས་བྱས་པ་དང་། དྲ་སྦྲེལ་རྒྱས་པ་ཞེས་པའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། གསར་བཟོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གནང་ལ། བཟོ་ལས་ཀྱིས་རྨང་གཞི་བརྟན་པར་བྱེད་པ་དང་རིག་ནུས་གསར་བཟོ། ལྷད་མེད་གསར་བཟོ་སོགས་ཀྱི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་ཏེ། དཔལ་འབྱོར་སྒྲིག་གཞི་མྱུར་དུ་ལེགས་སྒྱུར་རིམ་སྤོར་གནང་། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པར་ཁྲིད་སྟོན་གནང་ནས། ཀུན་ཕན་དངུལ་རྩའི་ཞབས་ཞུར་ཤུགས་བསྣན། གསར་གཏོད་ཀྱིས་གོང་འཕེལ་ལ་ཁྲིད་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་གནང་ནས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་གནང་བ་དང་། རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་ལ། ལས་སྐྲུན་གསར་གཏོད་ལ་སྐུལ་མ་གཏོང་བའི་ཁོར་ཡུག་བཟང་བོ་བསྐྲུན་ནས། སྤྱི་ཚོགས་ཀྱི་གསར་གཏོད་ནུས་ཤུགས་ཆེ་རུ་བསྐྱེད། ཕྱི་ཕྱོགས་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་གནང་ནས། ཧྲང་ཧེ་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་རང་དབང་ཉོ་ཚོང་ཚོད་ལྟའི་ཁུལ་སྐོར་ཞིག་བཙུགས་པ་དང་། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཏན་ཏིག་གིས་སྤེལ་ནས། སྒོ་འབྱེད་རྣམ་པའི་དཔལ་འབྱོར་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་གནང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཐབ་ཇུས་ལག་བསྟར་ཟབ་མོ་མཛད་དེ། འཕར་སྣོན་གྱི་སྣེ་དང་འཕར་སྣོན་གྱི་རྒྱུད་གསར་བ་མྱུར་དུ་བསྐྱེད་པར་སྐུལ་འདེད་གནང་བ་དང་། ཞིང་སྡེའི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་སྐུལ་འདེད་གནང་ལ། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་ཀྱིས་གོང་དུ་འཕེལ་བར་ཡར་སྐུལ་གནང་ནས། གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་བཏང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་གནང་ནས། དམངས་ཚིས་འགན་སྲུང་དང་ལེགས་བཅོས་ལ་འབད་བརྩོན་གནང་བ་དང་། གནད་ཁེལ་དབུལ་སྐྱོར་དང་། གནད་ཁེལ་དབུལ་ཐར་ལ་སྐུལ་སྤེལ་མཛད་ཅིང་། དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་མཛད་ནས། སློབ་གསོ་དམིགས་བསལ་དུ་འཛིན་པའི་ཁ་ཕྱོགས་རྒྱུན་འཁྱོངས་གནང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་དོ་མཉམ་སྒོས་གོང་དུ་འཕེལ་བར་ཡར་སྐུལ་མཛད་ལ། རིམ་བགོས་བརྟག་བཅོས་དང་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་པར་མྱུར་དུ་སྐུལ་འདེད་གནང་སྟེ། གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་དང་སྨན་བཅོས་འགན་བཅོལ་ལམ་ལུགས་འཛུགས་གནང་མཛད། སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། སྤྱི་ཚོགས་འགན་སྲུང་བདེ་འཇགས་དྲ་བ་མྱུར་དུ་བཙུགས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་། མི་དང་རང་བྱུང་ཁམས་འཆམ་མཐུན་གོང་འཕེལ་འབྱུང་བར་བྱེད་རྒྱུ་རྒྱུན་འཁྱོངས་གནང་བ་དང་། ཁོར་ཡུག་བཙོག་བཟོ་ཧུར་ཐག་གིས་བཅོས་སྐྱོང་གནང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་འཕེལ་རིམ་ལེགས་པོ་བླངས། སྲིད་གཞུང་གི་འགན་ནུས་ཁྲིམས་ལྟར་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་གནང་ནས། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་མཛད་ཅིང་། བཀག་སྡོམ་དོན་ཚན་གསུམ་རྒྱུན་འཁྱོངས་གནང་ནས།  མི་དམངས་ཡིད་ཚིམ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་གསར་གཏོད་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་རྣམ་པའི་སྲིད་གཞུང་བཅས་ཧུར་ཐག་གིས་འཛུགས་སྐྲུན་གནང་།

2017ལོའི་ཟླ10པར། བློ་མཐུན་ལི་ཁེ་ཆང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཡང་བསྐྱར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་དུ་བདམས། 2018ལོའི་ཟླ3པར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཁོང་ཉིད་ཡང་བསྐྱར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་རུ་བསྐོས་པར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཁོང་གིས་འཛམ་གླིང་གི་དུས་བབ་ལ་འགྱུར་ལྡོག་ཆེ་བ་དང་། པྲོག་གསར་གློ་ཚད་ཀྱི་བརྡབ་གསིག་ཐེབས་པ། རྒྱལ་ནང་གི་དཔལ་འབྱོར་ཉམས་རྒུད་དུ་གྱུར་པ་སོགས་ཀྱི་ཚོད་བགམ་སྣ་མང་ལ་ཁ་གཏད་འཇལ་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་མཛད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་མཛད་ཅིང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གནང་ནས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་བཀོད་སྒྲིག་གནང་བ་དང་། བརྟན་པོ་དྲུག་དང་འགན་སྲུང་དྲུག་གི་བྱ་བ་བསྟུད་མར་བཟང་བོར་སྒྲུབ་པ། འཕར་སྣོན་བརྟན་པར་བྱེད་པ་དང་བཅོས་སྒྱུར་ལ་ཡར་སྐུལ་བྱེད་པ། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་སེལ་བ། བརྟན་འཇགས་ལ་སྐུལ་བ་བཅས་ཀྱི་བྱ་བ་སྣ་ཚོགས་གཅིག་གྱུར་གྱིས་སྤེལ། ཆེ་ཕྱོགས་སྙོམས་སྒྲིག་བྱེད་ཐབས་ཀྱི་གསར་གཏོད་ལ་བརྟེན་ནས་ནོར་སྲིད་དང་དངུལ་ལོར་སོགས་ཀྱི་སྲིད་ཇུས་གཅིག་གྱུར་སྒོས་བེད་སྤྱད་ནས་གཞི་རྒྱ་ཆེ་བའི་ཚོང་རའི་ལེགས་ཆར་རྐང་བཙུགས་པ་དང་། ནང་གནས་དགོས་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་རྒྱུན་འཁྱོངས་དང་མི་འདང་ས་ཁ་གསབ་བྱེད་པ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། རྗེས་ཤུགས་ཆེ་རུ་གཏོང་བར་དམིགས་ནས་དངུལ་གཏོང་བྱེད་པ། འགྲིམ་འགྲུལ་དང་ཆུ་བེད། ནུས་ཁུངས་སོགས་རྨང་གཞིའི་སྒྲིག་ཆས་དང་དམངས་ཚིས་བཟོ་སྐྲུན་ལ་རྒྱབ་སྐྱོར་མཛད་ཅིང་། བྱེད་ཐབས་སྣ་མང་བཏོན་པ་དང་མཛད་སྤྱོད་ལ་སྐུལ་འདེད་གནང་སྟེ། དཔལ་འབྱོར་ལུགས་མཐུན་གྱི་བར་མཚམས་སུ་འཁོར་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱས། དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་བསྡུས་ཇུས་འདོན་བྱས་ཏེ་ཁེ་ལས་ཀྱིས་ཚོང་གཉེར་བྱེད་པའི་མ་རྩ་ཇེ་དམའ་དུ་བཏང་ནས་ཚོང་གཉེར་གཙོ་གཞིས་བརྡབ་གསིག་ལ་ཁ་གཏད་འཇལ་བ་དང་དཀའ་ཁག་ལས་སྒྲོལ་བར་དུས་ཐོག་ཏུ་རོགས་འདེགས་བྱས། གསར་གཏོད་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་གནང་བ་དང་ཐོན་ལས་སྒྲིག་གཞི་ལེགས་སྒྱུར་དང་རིམ་སྤོར་ལ་སྐུལ་འདེད་གནང་ཞིང་། གསར་གཏོད་ལ་དམ་དུ་དམིགས་ནས་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་བཏང་བ་དང་གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་། མུ་མཐུད་སྒུལ་ནུས་གསར་བ་གསོ་སྐྱོང་དང་འཕེལ་རྒྱས་སུ་བཏང་ནས་ཕྱི་ཕྱོགས་ཀྱི་དྲག་གནོན་དང་བཀག་འགོག་ལ་ཁ་གཏད་ནུས་ལྡན་འཇལ། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་རྣམ་པ་གསར་བའི་མཁའ་གྲོང་ཅན་ལ་སྐུལ་འདེད་བཏང་སྟེ། འགན་སྲུང་རང་བཞིན་གྱི་སྡོད་ཁང་མཁོ་འདོན་བྱེད་པའི་རྒྱ་བསྐྱེད་ནས་མཁར་གྲོང་རྙིང་བའི་གཞིས་ཁུལ་བཟོ་བཅོས་ལ་སྐུལ་འདེད་བཏང་ལ། ཁུལ་ཁོངས་འཕེལ་རྒྱས་ཀྱི་བརྟན་འཇགས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་བཏང་ནས་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གསར་བ་བསྐྱེད། ཞིང་ལས་སྟོབས་ལྡན་དང་ཞིང་ལས་ལ་ཕན་པའི་སྲིད་ཇུས་འཐུས་ཚང་དུ་བཏང་བ་དང་གྲོང་གསེབ་དར་སྤེལ་འཐས་ཇུས་ལག་བསྟར་མཛད་ལ། ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ་དང་། བརྟན་འཇགས་ངང་རྣམ་པ་མང་བའི་གཞི་རྒྱ་འོས་འཚམ་ཀྱི་ཚོང་གཉེར་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་མཛད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་མཛད་དེ། ཧུར་ཐག་གིས་གཞི་རྩ་སྲུང་བ་དང་མཐའ་ཚད་སྐྱོར་བ། འདྲ་མཉམ་ལ་སྐུལ་བ་བཅས་མཛད་ནས། ལས་ཞུགས་དམིགས་བསལ་གྱི་སྲིད་ཇུས་ཕྱོགས་སྟོན་ལ་ཤུགས་བསྣན་པ་དང་། ཁེ་ལས་ཀྱི་ལས་གནས་བརྟན་འཇགས་དང་རྒྱ་བསྐྱེད་དུ་གཏོང་ཤུགས་ཆེ་རུ་བཏང་ལ། སློབ་གསོ་འདྲ་མཉམ་ཡོང་བ་དང་སྤུས་ཚད་མཐོར་འདེགས་ལ་སྐུལ་འདེད་བཏང་ཞིང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་ནས་སྤྱི་ཚོགས་འགན་སྲུང་དང་ཞབས་ཞུ་ལ་ཤུགས་བསྣན། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་སྤེལ་གནང་ནས་གནས་སྤོར་གྱི་རྗེས་མཐུད་རོགས་སྐྱོར་ཤུགས་དྲག་ཏུ་བཏང་བ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དུ་བཏང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་མཛད་ནས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་ལྷད་མེད་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་མངོན་གསལ་བླངས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས་རྗེས། བློ་མཐུན་ལི་ཁེ་ཆང་གིས་ད་དུང་སྔ་གཞུག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་བྱང་ཤར་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་བ་དར་རྒྱས་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ། རྒྱལ་ཁབ་ཚན་རྩལ་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ། རྒྱལ་ཁབ་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་ནུས་རྒྱུ་གྲོན་ཆུང་དང་བཙོག་རྫས་ཉུང་འབུད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ། རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་ཀྲུང་རིན་སོགས་ཀྱི་འགན་ཞོར་དུ་བཞེས་ནས། ཚན་རྩལ་དང་སློབ་གསོ། སྐྱེ་ཁམས་སྲུང་སྐྱོབ་དང་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་སུ་གཏོང་བ། ནུབ་རྒྱུད་གསར་སྤེལ་ཆེན་པོ་སོགས་ཀྱི་ཁྱབ་ཁོངས་སུ་མཛད་པ་རྒྱ་ཆེར་བསྐྱངས། པྲོག་གསར་གློ་ཚད་བྱུང་རྗེས། བློ་མཐུན་ལི་ཁེ་ཆང་གིས་ཀྲུང་དབྱང་གི་རིམས་ནད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོའི་འགན་བཞེས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོག་ཁྲིད་འོག མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བ་རྒྱུན་འཁྱོངས་གནང་ནས། སྨན་བཅོས་ཐོན་ཁུངས་དང་དངོས་ཟོག་འགན་སྲུང་ལ་ཤུགས་བསྣན་པ་དང་ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱས་ལ། དུས་དང་གནས་བབ་ལ་བསྟུན་ནས་འགོག་སྡོམ་སྲིད་ཇུས་དང་བྱེད་ཐབས་དག་སྒྲིག་བྱས་ནས་དུས་ལྟར་ཕན་ནུས་ལྡན་པའི་ངང་ལས་གཉེར་དང་ཐོན་སྐྱེད་སླར་གསོ་དང་མཁོ་འདོན་དང་རིན་གོང་བརྟན་འཇགས་ཤུགས་དྲག་ཏུ་བཏང་སྟེ། ཚད་ཆེས་ཆེ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱས་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་གཅིག་གྱུར་ངང་སྐུལ་འདེད་བཏང་སྟེ་གྲུབ་འབྲས་གལ་ཆེན་བླངས།

བློ་མཐུན་ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་མཛད་པ་དང་། ཀྲུང་གོའི་དངོས་ཡོད་གནས་ཚུལ་ལ་རྐང་བཙུགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་བ་དང་། དཔལ་འབྱོར་སྒྲིག་སྲོལ་གྱི་བཅོས་སྒྱུར་ལ་བསྟུད་མར་སྐུལ་འདེད་གནང་ལ། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་ཁ་ཕྱོགས་རྒྱུན་འཁྱོངས་མཛད་ནས། སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་བཟང་བོ་མཛད་དེ། ཁྲོམ་རར་ཐོན་ཁུངས་སྒྲིག་བཀོད་ཁྲོད་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་བཅུག་པ་དང་། སྲིད་གཞུང་གི་ནུས་པ་སྔར་ལས་ལེགས་པར་བཏོན་ནས། ནུས་པ་ཅན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་གཉིས་ཟུང་སྦྲེལ་སྔར་ལས་བཟང་བོ་བྱེད་པར་སྐུལ་འདེད་གནང་། ཁོང་གིས་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་སྲིད་འཛིན་སྒྲིག་སྲོལ་བཅོས་སྒྱུར་ལ་བསྟུད་མར་སྐུལ་སྤེལ་གནང་ནས། ཁྲིམས་ལྟར་སྲིད་འཛིན་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་སྲིད་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བ། སྲིད་གཞུང་གི་ཡིད་རྟོན་ནུས་ཤུགས་དང་ལག་བསྟར་ནུས་ཤུགས་ཇེ་ཆེར་བཏང་སྟེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བསྐྲུན། ཁོང་གིས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”རྒྱུན་འཁྱོངས་སྒོས་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གང་ལེགས་བཏང་བ་དང་། རྒྱལ་དབང་ཁེ་ལས་ཀྱི་གཙོ་འགན་གཙོ་ལས་ལེགས་སྒྲིག་བསྐྱར་འཛུགས་གནང་ལ། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་དམ་པོར་དམིགས་ཏེ། དམངས་གཉེར་ཁེ་ལས་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གནང་། ཁོང་གིས་ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྔོན་རྩིས་དོ་དམ་གྱི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ལ། ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་འགན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་བཅོས་སྒྱུར་ལ་སྐུལ་འདེད་གནང་ཞིང་། ཁྲལ་བསྡུའི་དོ་དམ་བཅོས་སྒྱུར་དང་། དངུལ་རྩའི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ལ། དངུལ་རྩའི་ཞབས་ཞུའི་དངོས་ཕུང་དཔལ་འབྱོར་གྱི་ལས་ཆོད་སྔར་ལས་ཆེ་རུ་བཏང་བ་དང་། མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་གནང་། ཁོང་གིས་ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གང་ལེགས་བཏང་བ་དང་། ཚན་ཞིབ་ལས་གཞི་དང་གྲོན་དངུལ་དོ་དམ་ལམ་ལུགས་བཅོས་སྒྱུར་གནང་ལ། ཚན་ཞིབ་ལས་ཁུངས་དང་ཚན་ཞིབ་མི་སྣར་སྔར་ལས་རང་བདག་དབང་ཆ་སྤྲད་པ་དང་། ཁྲོམ་ར་ཅན་གྱི་ལམ་སྲོལ་བརྒྱུད་ནས་ཁེ་ལས་ཀྱི་གསར་གཏོད་ལ་སྐུལ་ལྕག་གནང་བར་མ་ཟད། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་མངོན་སུམ་གྱིས་ཇེ་ཆེར་བཏང་། ཁོང་གིས་ད་དུང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྲིད་ཇུས་དོན་འཁྱོལ་མཐའ་གཅིག་ཏུ་གནང་བ་དང་། སྔར་ལས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་གནང་ལ། གཞི་ཁྱོན་སྔར་ལས་ཆེ་བ་དང་ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་ཟབ་པ་བཅས་ཀྱི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་གནང་ལ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་རང་འགུལ་ངང་སྦྲེལ་མཐུད་གང་ལེགས་གནང་བ་དང་། ཆུ་ཚད་མཐོ་བའི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འབད་པས་བསྐྲུན་ལ། ཉོ་ཚོང་དང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་ནུས་ལྡན་བཏང་བར་མ་ཟད། གཉིས་ཕན་མཉམ་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཟབ་སྤེལ་མཛད་དེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་ཆེན་པོ་གནང་།

བློ་མཐུན་ལི་ཁེ་ཆང་གིས་མི་དམངས་མང་ཚོགས་ལ་བརྩེ་སེམས་ཟབ་མོ་བཅངས་ནས། མི་དམངས་ཀྱི་ཁེ་ཕན་གཙོ་བོར་འཛིན་པ་དང་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ཐག་གཅོད་པར་ཤུགས་བསྣན། ཁོང་དུས་རྟག་པར་ཁེ་ལས་དང་བཟོ་གཏེར། ཞིང་ཁ། གཞི་རིམ་བཅས་ཀྱི་འཐབ་ཕྱོགས་དང་པོར་དངོས་སུ་ཕེབས་ནས། མང་ཚོགས་ཀྱི་འབོད་སྒྲར་ཞིབ་ཏུ་གསན་པ་དང་། ཡུལ་དངོས་ནས་མང་ཚོགས་ཀྱི་བདེ་སྡུག་ཤེས་རྟོགས་གནང་བར་མ་ཟད། དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་ཀྱི་དཀའ་ངལ་སེལ་རྒྱུར་མཐོང་ཆེན་གང་ལེགས་གནང་། ཁོང་གིས་འཕེལ་རྒྱས་ཀྱི་རྨང་གཞིའི་སྟེང་དུ་དམངས་ཕན་གྱི་དོན་དངོས་གང་མང་སྒྲུབ་རྒྱུ་དང་དམངས་ཚིས་དཀའ་གནད་གང་མང་སེལ་རོགས་བྱེད་དགོས་པ་དང་། མང་ཚོགས་ཀྱི་ལས་ཞུགས་དང་སློབ་གསོ། སྡོད་ཁང་། སྨན་བཅོས། རྒན་གསོ་སོགས་ཕྱོགས་ཀྱི་འབུར་ཐོན་དཀའ་ངལ་ཧུར་ཐག་གིས་ཐག་གཅོད་གནང་བ་དང་། དམངས་ཚིས་ཀྱི་མཐའ་ཚད་བརྟན་པོར་སྐྱོར་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མ་ཆད་པར་མཐོར་འདེགས་གནང་།

བློ་མཐུན་ལི་ཁེ་ཆང་གི་སྤྱོད་ཚུལ་བབ་བརླིང་ཏན་ཏིག་ཡིན་པས། སྐད་ཆ་དྲང་མོར་བཤད་པ་དང་དོན་དངོས་སྒྲུབ་པའི་བྱ་བའི་སྤྱོད་ཚུལ་དར་སྤེལ་གང་ལེགས་བཏང་ནས། སྣེ་ཁྲིད་དེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཛད། ཁོང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མྱུར་ལམ་བརྒྱུད་རྒྱུ་མེད་པར་དངོས་སྒྲུབ་ཁོ་ན་ལ་བརྟེན་དགོས་པ་དང་། དངོས་སྒྲུབ་དོན་གཉེར་དང་དཀའ་སྤྱད་འབད་འབུངས། དོན་དངོས་དང་ཟུང་འབྲེལ་བཅས་བྱས་ནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བསྒྲུབ་དགོས་ཞེས་བསྟན་མྱོང་ལ། ཀྲུང་དབྱང་དང་ས་གནས་གཉིས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཏེ། ས་གནས་ཀྱིས་ཡུལ་བབ་དང་བསྟུན་པ་དང་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་ཏེ། ཕན་ཚུན་འགྲན་སྡུར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་གནང་མྱོང་། ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་པ་དང་། ནུས་མེད་སྲིད་སྐྱོང་དང་སྒྱིད་ལུག་སྲིད་སྐྱོང་གི་བྱ་སྤྱོད་བཅོས་སྒྲིག་ནན་མོ་བྱེད་པ། སྲིད་དོན་ལ་ཡིད་རྟོག་ཤོར་བའི་རིགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན་པ་དང་། བཅོས་སྒྱུར་གྱི་བྱེད་ཐབས་དང་སྙིང་རུས་ལྷོད་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་སེལ་བ་དང་གསོན་ཤུགས་འཕེལ་བར་བྱས་ཏེ། ལས་སྒྲུབ་པར་སྐུལ་མ་གཏོང་བ་དང་ལས་འགན་འཁུར་མཁན་ལ་རྒྱབ་སྐྱོར་བྱེད་པ། དངོས་སྒྲུབ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དངོས་སྒྲུབ་ལ་བརྟེན་ནས་འབྱུང་འགྱུར་བརྩོན་ལེན་བཅས་བྱེད་དགོས་ཞེས་བསྟན་མྱོང་།

2023ལོའི་ཟླ3པར། བློ་མཐུན་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས་མཚམས་བཞག འགོ་ཁྲིད་ལས་གནས་ལས་བབས་རྗེས། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ལ་མཐའ་གཅིག་ཏུ་གོང་བཀུར་དང་རྒྱབ་སྐྱོར་གནང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་ཐུགས་ཁུར་ཟབ་བཞེས་གནང་ཞིང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་མཛད།

བློ་མཐུན་ལི་ཁེ་ཆང་ལགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་ལྔ་པ་དང་སྐབས་བཅུ་དྲུག་པ། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅུ་བདུན་པ་དང་སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན།

བློ་མཐུན་ལི་ཁེ་ཆང་ལགས་ཀྱི་གུང་ཁྲན་རིང་ལུགས་ཀྱི་བླ་མེད་ཕུགས་བསམ་ལ་ཡིད་ཆེས་བརྟན་པོ་བཅངས་པ་དང་། ཏང་དང་མི་དམངས་ལ་མཐའ་གཅིག་ཏུ་བློ་དཀར་བའི་སྒོ་ནས་ཏང་དང་མི་དམངས་ཀྱི་ལས་དོན་ཆེད་དུ་འབད་འཐབ་ལྷོ་ད་མེད་གནང་མྱོང་། ཁོང་གིས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་ལ་སློབ་སྦྱོང་ནན་ཏན་གནང་བ་དང་། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ངོས་ནས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་གནང་། ཁོང་གིས་ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་རང་རྒྱུད་ལ་བཅངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་གནང་ནས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་གནང་། ཁོང་ལ་ཏང་གཤིས་ཀྱི་རྩ་དོན་བརྟན་པོ་མངའ་བ་དང་། ཁོང་གིས་ཆབ་སྲིད་ལ་མཐོང་ཆེན་དང་ཁྱོན་ཡོངས་ལ་བལྟས་ཏེ། ཏང་གི་བྱ་གཞག་དང་མི་དམངས་ཀྱི་ཁེ་ཕན་གཙོ་བོར་བཟུང་ནས། ཏང་ལ་བློ་དཀར་གཞུང་དྲང་དང་ཏང་གི་ཆེད་དུ་དཀའ་ངལ་མཉམ་སེལ། ཏང་གི་ཆེད་དུ་རང་འགན་གཙང་སྒྲུབ། དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་པ་བཅས་མཛད་མྱོང་། ཁོང་གིས་ཡོད་ཚད་དོན་དངོས་ནས་མགོ་རྩོམ་པ་དང་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་གནང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་སྤྱད་དེ་གནད་དོན་ལ་དབྱེ་ཞིབ་དང་གནད་དོན་ཐག་གཅོད། ལག་ལེན་ལ་ཁྲིད་སྟོན། བྱ་བར་སྐུལ་འདེད་བཅས་བྱེད་པར་མཐོང་ཆེན་གང་ལེགས་གནང་མྱོང་། ཁོང་གིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཐུན་མོང་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ། བསམ་འཆར་མི་འདྲ་བར་ཉན་མཁས་བྱེད་པ། ཕྱོགས་གང་ཅིའི་ཐད་ཀྱི་བརྩོན་སེམས་ལ་སྐུལ་སློང་དང་འདོན་སྤེལ་བཅས་གནང་མྱོང་། ཁོང་གིས་དུས་རྟག་པར་ཁེངས་སྐྱུང་གཟབ་ནན་དང་བབ་ཆགས་འདྲིས་བདེ། སྒྲིག་ལམ་རང་བརྩི། སྤྱོད་གཙང་གཞུང་དྲང་། འཚོ་བ་བབ་ཆགས་བཅས་གནང་བ་དང་། ཁྱིམ་མི་དང་ཉེ་འགྲམ་གྱི་ལས་དོན་མི་སྣར་བླང་བྱ་ནན་མོ་བཏོན་ནས། སྔ་ཕྱི་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་རང་བཞིན་དང་བླ་ན་མེད་པའི་ཀུན་སྤྱོད་ཀྱི་རྒྱུན་འཛིན་གནང་མྱོང་།

བློ་མཐུན་ལི་ཁེ་ཆང་གི་སྐུ་ཚེ་ཧྲིལ་བོ་ནི་གསར་བརྗེའི་སྐུ་ཚེ་ཧྲིལ་བོ་དང་འབད་འཐབ་ཀྱི་སྐུ་ཚེ་ཧྲིལ་བོ། འོད་སྟོང་འབར་བའི་སྐུ་ཚེ་ཧྲིལ་བོ་ཡིན་ཞིང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་པའི་སྐུ་ཚེ་ཧྲིལ་བོ་ཡིན་ལ། གུང་ཁྲན་རིང་ལུགས་ཀྱི་ལས་དོན་ཐད་ནུས་ཤུགས་ཅི་ཡོད་བཏོན་པའི་སྐུ་ཚེ་ཧྲིལ་བོ་ཡིན། ཁོང་ཉིད་སྐུ་གཤེགས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་གྱོང་གུད་ཆེན་པོ་ཡིན། ང་ཚོས་སྐྱོ་སྣང་ཡོད་ཚད་སྟོབས་ཤུགས་སུ་བསྒྱུར་ནས། ཁོང་གི་གསར་བརྗེའི་ཐུགས་དགོངས་དང་། བླ་མེད་མཛད་པ། སྤྱོད་ཚུལ་བཟང་བོ་བཅས་ལ་སློབ་སྦྱོང་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས་ཏེ། ཡིད་ཆེས་བརྟན་པོ་དང་སེམས་ཤུགས་གཅིག་མཐུན། ངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

བློ་མཐུན་ལི་ཁེ་ཆང་ཇི་སྲིད་བར་དུ་གནས་གྱུར་ཅིག