སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་ཚེས2ཉིན་གྱི་སྔ་དྲོར་པེ་ཅིང་དུ་གྲོལ། གྲོས་ཚོགས་སྟེང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ནས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་པ་གྲོས་དོན་དུ་བྱས་ཏེ་གྲོས་མོལ་སྲིད་གླེང་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མཇུག་སྒྲིལ་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་དང་དཀྱོག་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ནས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ཐད་གོམ་སྟབས་ཆེན་པོ་སྤོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆེད་དོན་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ་ཤུགས་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ་མཛེས་པའི་ཀྲུང་གོ་མགྱོགས་མྱུར་སྒོས་འཛུགས་སྐྲུན་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཇུས་འདོན་ཤུགས་འབུལ་བྱེད་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། རྗེས་ཕྱོགས་ཀྱི་ལོ་ལྔ་ནི་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་པས། མི་དམངས་སྲིད་གྲོས་ཀྱིས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འགན་སྒྲུབ་ཁ་ཕྱོགས་དང་ཤུགས་འདོན་ས་གཙོ་བོ་ཡང་དག་པར་བཙལ་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་གྲོས་མོལ་གྲོས་སྡུར་གང་ལེགས་བྱས་ཏེ་སྲིད་གླེང་ཇུས་འདོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་མཐོར་འདེགས་སུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་ལ་དམིགས་ནས་ཞིབ་འཇུག་དབྱེ་ཞིབ་ཀྱི་རྒྱུན་རིང་དུ་བསྲིང་བ་དང་གྲོས་མོལ་སྲིད་གླེང་གི་ཚད་ཇེ་ཟབ་ཏུ་བཏང་སྟེ་བསམ་འཆར་དང་གྲོས་གཞི་བཟང་བོ་འདོན་དགོས། ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ནས་དམངས་གཙོ་ལྟ་སྐུལ་སྤེལ་བ་དང་གྲོས་མོལ་རྣམ་པའི་ལྟ་སྐུལ་ངེས་གནས་རྒྱུན་འཁྱོངས་བྱས་ཏེ་དམངས་གཙོ་ལྟ་སྐུལ་ནུས་པ་ཇེ་ཆེར་གཏོང་དགོས། ལས་རིགས་སོ་སོའི་མང་ཚོགས་དང་སྤྱི་ཚོགས་སྤྱི་ཡོངས་ལ་ཁ་ཕྱོགས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དྲིལ་སྒྲོག་བཟང་བོ་བྱེད་པ་དང་། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བཙུགས་པ་དང་ལག་བསྟར་བྱས་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བཟང་བོར་བཤད་དེ་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། རིགས་སོ་སོའི་ལས་འགན་གཟབ་ནན་གྱིས་ཡོངས་འགྲུབ་བྱས་ཏེ་བྱ་བའི་མ་ལག་རང་བཞིན་དང་སྔོན་མཐོང་རང་བཞིན། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་བྱ་བ་སོ་སོ་སྤུས་ཚད་མཐོན་པོས་བཟང་བོར་སྒྲུབ་དགོས།
མཇུག་སྒྲིལ་གྲོས་ཚོགས་སྟེང་། བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་འདོན་བྱ་བའི་སྲོལ་ཡིག་ལ་གྲོས་འཆམ་བྱུང་།
མཇུག་སྒྲིལ་གྲོས་ཚོགས་སྟེང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཧྲན་ཏུང་སློབ་ཆེན་རུའུ་ལུགས་མཐོ་རིམ་ཞིབ་འཇུག་ཁང་གི་ལག་བསྟར་ཡོན་ཀྲང་ཝང་ཞུའེ་ཏེན་གྱིས་གདན་ཞུས་ལྟར་ཁ་བྱང་ལ་ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག་སྲུང་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་དགོས་ཞེས་པའི་འཆད་ཁྲིད་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།