རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དངུལ་ཆད་གཅོད་པའི་ལས་རིམ་ཁག་ཅིག་མེད་པར་བཟོས་པ་དང་ལེགས་སྒྲིག་བྱས་པའི་སྐོར་གྱི་གཏན་འབེབས》ཞེས་པ་པར་འགྲེམས་བྱས།
2023.11.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཉེ་ལམ། ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དངུལ་ཆད་གཅོད་པའི་ལས་རིམ་ཁག་གཅིག་མེད་པར་བཟོས་པ་དང་ལེགས་སྒྲིག་བྱས་པའི་སྐོར་གྱི་གཏན་འབེབས》ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་ནས། བཟོ་ལས་དང་ཆ་འཕྲིན་ཅན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངུལ་ཆད་གཅོད་པའི་ལས་རིམ་སོ་གསུམ་མེད་པར་བཟོས་པ་དང་དངོས་སུ་ལེགས་སྒྲིག་བྱས་པའི་ཁྲོད་དུ། དངུལ་ཆད་གཅོད་པའི་ལས་རིམ་བཅུ་དྲུག་མེད་པར་བཟོས་པ་དང་དངུལ་ཆད་གཅོད་པའི་ལས་རིམ་བཅུ་བདུན་ལེགས་སྒྲིག་བྱས།  དངུལ་ཆད་ལས་རིམ་མེད་པར་བཟོས་པའི་རིགས་ལ། 《གཏན་འབེབས》པར་འགྲེམས་བྱས་ཉིན་ནས་བཟུང་། འབྲེལ་ཡོད་སྲིད་འཛིན་ཁྲིམས་སྲོལ་དང་སྡེ་ཁག་གི་སྒྲིག་སྲོལ་ཁྲོད་ཀྱི་འབྲེལ་ཡོད་དངུལ་ཆད་གཏན་འབེབས་གནས་སྐབས་རིང་སྤྱོད་མཚམས་འཇོག་རྒྱུ་ཡིན་པ་དང་། དངུལ་ཆད་གཅོད་པའི་ལས་རིམ་ལེགས་སྒྲིག་བྱས་པའི་རིགས། བཟོ་བཅོས་བརྒྱབ་རྗེས་ཀྱི་འབྲེལ་ཡོད་སྲིད་འཛིན་ཁྲིམས་སྲོལ་དང་སྡེ་ཁག་གི་སྒྲིག་སྲོལ་ཁྲོད་ཀྱི་འབྲེལ་ཡོད་དངུལ་ཆད་གཅོད་རྒྱུའི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

《གཏན་འབེབས》ལས་དངུལ་ཆད་གཅོད་པའི་ལས་རིམ་མེད་པར་བཟོས་རྗེས། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ཞིབ་འཇུག་ནན་ཏན་བྱེད་པ་དང་། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ། བྱ་བ་སྒྲུབ་པའི་སྐབས་དང་ཡང་ན་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། ལྟ་སྐུལ་དོ་དམ་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་དོ་དམ་གྱི་གོ་རིམ་སྔར་ལས་ཚད་ལྡན་ཅན་དུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།