ཀྲའོ་ལི་ཅི་ཡིས་ཞི་ལཱའི་ཙུང་ལིའི་མུས་ཙོ་ཐཱ་ཅི་སི་ལ་མཇལ་འཕྲད་གནང་།
2023.11.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 13

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས3ཉིན་པེ་ཅིང་དུ་ཞི་ལཱ་རྒྱལ་ཁབ་ཀྱི་ཙུང་ལི་མུས་ཙོ་ཐཱ་ཅི་སི་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན།  ཀྲུའུ་ཞི་ཞི་ཅིན་ཕིང་དང་ཞི་ལཱ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་སྣེ་ཁྲིད་དང་སྐུལ་འདེད་འོག་ཏུ།   རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ཉིན་རེར་སྲ་བརྟན་དུ་གྱུར་པ་དང་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ལ།  མི་གཞུང་བརྗེ་རེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ།   ཀྲུང་གོ་ཕྱོགས་ཀྱིས་ཞི་ལཱ་ཕྱོགས་དང་མཉམ་དུ་བརྗེ་རེས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཆུ་ཚད་མཐོར་འདེགས་གཏོང་བ།   སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་བཅས་བྱས་ཏེ་ཀྲུང་གོ་དང་ཞི་ལཱ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད།   ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཞི་ལཱའི་རྒྱལ་ཚོགས་ཀྱི་རིམ་པ་མང་བོའི་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་པ་དང་།  ཁྲིམས་འཛུགས་དང་ལྟ་སྐུལ་དོ་དམ་བྱ་བའི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་རྒྱུན་ཆད་མེད་པར་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་པ་དང་། ཕྱོགས་མང་གྲོས་ཚོགས་འོག་གི་མཐུན་སྦྱོར་རོགས་ལས་ལ་ཤུགས་བསྣན་ནས་རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད།

མུས་ཙོ་ཐཱ་ཅི་སི་ཡིས་བསྟན་དོན།    ཞི་ལཱ་དང་ཀྲུང་གོ་གཉིས་ནི་གནའ་བོའི་དཔལ་ཡོན་རྒྱལ་ཁབ་ཡིན་པ་དང་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད།   ཞི་ལཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ།  བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་།   ཀྲུང་གོའི་བར་གྱི་དངུལ་གཏོང་དང་དཔལ་འབྱོར་ཉོ་ཚོང་།   ཡུལ་སྐོར་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཧི་ཝེ་མཇལ་འཕྲད་ལ་ཞུགས།

                                                                                   ལྷ་མོ་ཚེ་རིང་གིས་བསྒྱུར།