ཟླ11པའི་ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་པེ་ཅིང་དུ་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ཁེ་ལས་པའི་མཐོ་རིམ་རྩེ་ཚོགས་སྐབས16པར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བཞིན་ཡོད་ལ། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་འབྲེལ་བ་འདྲ་མཉམ་དང་གཉིས་ཕན། གསར་གཏོད། སྒོ་འབྱེད། དམངས་ཕན་བཅས་ཀྱི་དུས་རབས་གསར་བར་བསྐྱོད་ཡོད། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་འབྲེལ་བའི་རྨང་རྡོ་ལྟ་བུ་ཡིན་པའི་ཆ་ནས། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་དཔལ་འབྱོར་མཉམ་ལས་ཀྱི་གཞི་ཁྱོན་སྔར་ལས་ཆེ་བ་དང་ཁྱབ་ཁོངས་སྔར་ལས་ཆེ་ལ། ཆུ་ཚད་སྔར་ལས་མཐོ་བས། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གཉིས་ཀ་མཉམ་ལས་མཉམ་རྒྱལ་སྒོས་འཕེལ་རྒྱས་སུ་འགྲོ་བའི་སྤུན་ཟླར་གྱུར་ཡོད། མ་འོངས་པར་ཁ་ཕྱོགས་ཚེ། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་དཔལ་འབྱོར་གྱི་ཕན་ཚུན་གསབ་རེས་རང་བཞིན་ཆེ་བ་དང་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་ཡིད་རྟོན་གཏིང་ཟབ་ཏུ་གཏོང་བ་དང་མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་ཉོ་ཚོང་དང་ཞིང་ལས། རྨང་གཞིའི་སྒྲིག་ཆས། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་ནུས་ཁུངས་ཚུལ་སྒྱུར། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་ལེགས་ཆ་སྔར་ལས་མང་བོ་བསྐྲུན་ཏེ་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་བརྟན་འཇགས་རང་བཞིན། དྲང་ནུས་བཅས་མང་བོ་སྣོན་དགོས།
ཧན་ཀྲིན་གྱིས་བསྟན་དོན། ཟླ10པར་བསྡུས་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་སྟེང་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་འགུལ་སྐྱོད་བརྒྱད་ཁྱབ་བསྒྲགས་གནང་། ང་ཚོས་ལཱ་ཏེན་མེ་གླིང་དང་ཅཱ་ལི་པེ་ས་ཁུལ་གྱི་རྒྱལ་ཁབ་དང་མཉམ་དུ། སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དུས་རབས་གསར་བའི་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་འབྲེལ་བ་སྔར་ལས་བཟང་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་ནས་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དབྱིན་ལིས་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
སྐབས་འདིའི་མཐོ་རིམ་རྩེ་ཚོགས་ཀྱིས་སྒོ་འབྱེད་གསར་གཏོད་དང་མཉམ་སྤྱོད་འཕེལ་རྒྱས་ཞེས་པ་བརྗོད་དོན་དུ་བྱས་ཡོད་ལ། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་དཔལ་འབྱོར་མཉམ་ལས་ལ་ཡར་སྐུལ་དང་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བའི་ཐད་སྟེགས་བུ་གལ་ཆེན་འདོན་སྤྲོད་བྱས། ཀྲུང་གོ་དང་ལཱ་ཏེན་མེ་གླིང་དང་ཅཱ་ལི་པེ་ས་ཁུལ་གྱི་རྒྱལ་ཁབ་ཉེར་དྲུག་གི་སྲིད་གཞུང་གི་དཔོན་རིགས་དང་བཟོ་ཚོང་ལས་རིགས་ཀྱི་མི་སྣ། ཆེད་མཁས་པ། དེ་མིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་བཅས་མི་སྟོང་གཅིག་ལྷག་རྩེ་ཚོགས་ལ་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།