ཀྲུང་གོའི་ལྷོ་ཆུ་བྱང་འདྲེན་མཚོ་སྔོན་ཀུང་ཟི་བཙུགས།
2023.11.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་མཚོ་སྔོན་ཚད་ཡོད་ཀུང་ཟིའི་སྒོ་བྱང་འགེལ་བའི་མཛད་སྒོ་ཚེས་གསུམ་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན། ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ཅང་ཞུའུ་ཀོང་། ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། སྤྱི་གཉེར་པ་ཝང་ཨན་ནན་བཅས་ཀྱིས་མཉམ་དུ་ཡོལ་རས་ཕྱེས།

ཀྲུང་གོ་ལྷོ་ཆུ་བྱང་འདྲེན་མཚོ་སྔོན་ཀུང་ཟི་ནི་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་དང་མཚོ་སྔོན་ཞིང་ཆེན་གྱིས་མཉམ་དུ་བཙུགས་པའི་ཀྲུང་དབྱང་དང་ས་གནས་ཀྱི་མཉམ་འབྲེལ་དངུལ་གཏོང་ཁེ་ལས་ཤིག་ཡིན་པ་དང་། ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་བཙུགས་རྗེས་ཀྱི་ཞིང་ཆེན་རིམ་པའི་ས་ཁོངས་ཀུང་ཟི་ཐོག་མའང་རེད། ཀུང་ཟི་དེ་ནི་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱི་མཚོ་སྔོན་གྱི་ཚོང་ར་ཅན་གྱི་ཕྱོགས་བསྡུས་བྱེད་སྒོའི་དངུལ་གཏོང་སྟེགས་བུ་དང་ཚོང་གཉེར་གསར་སྤེལ་སྟེགས་བུ། མཉམ་འདྲེས་འཕེལ་རྒྱས་རྣམ་པའི་གསར་གཏོད་སྟེགས་བུ་ཡིན་པ་དང་། བྱེད་སྒོའི་ཁྱབ་ཁོངས་ནི་དངུལ་གཏོང་དོ་དམ་དང་ཆུ་འདྲེན་བཟོ་སྐྲུན། ནུས་ཁུངས་གསར་བ། སྐྱེ་ཁམས་ཁོར་སྲུང་། རིག་ནུས་ཆུ་དོན། རིག་གནས་ཡུལ་སྐོར་སོགས་ལས་རིགས་ཁྱབ་ཁོངས་མང་བོར་འབྲེལ་ཡོད་ལ། གཞི་གཅིག་ཅན་གྱི་ཆེད་ལས་སྟེགས་བུ་ཞིག་འཛུགས་པར་འབད་འབུངས་བྱ་རྒྱུ་རེད།

ཀྲུང་གོ་ལྷོ་ཆུ་བྱང་འདྲེན་མཚོ་སྔོན་ཀུང་ཟི་དེ་བཙུགས་རྗེས། ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱི་མཚན་སྙན་དང་དོ་དམ། མ་དངུལ། ལག་རྩལ། འཇོན་མི་སོགས་ཀྱི་ཁྱད་སྟོབས་བེད་སྤྱོད་གང་ལེགས་བྱས་ཏེ། ཆུ་འདྲེན་ས་ཁོངས་རྒྱ་བསྐྱེད་འཐབ་ཇུས་གཏིང་ཟབ་ཏུ་སྤེལ་བ་དང་། ཆུ་དང་ནུས་ཁུངས་མཉམ་འདྲེས་ཀྱི་འཕེལ་རྒྱས་རྣམ་པ་གསར་གཏོད་བྱ་རྒྱུ་མ་ཟད། ཧུར་ཐག་སྒོས་མཚོ་སྔོན་ཞིང་ཆེན་གྱི་ཆུ་འདྲེན་བཟོ་སྐྲུན་ཆེན་མོ་དང་དག་གཙང་ནུས་ཁུངས་ལས་གཞིའི་དངུལ་གཏོང་གསར་སྤེལ་དང་འཛུགས་སྐྲུན་ཚོང་གཉེར་གྱི་དོ་དམ་ལ་ཞུགས་ནས། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞིའི་འཛུགས་སྐྲུན་ལ་རམ་འདེགས་བྱས་ཏེ། རྒྱལ་ཁབ་ཀྱི་ཆུ་དྲའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོ་སྔོན་གྱི་རྣམ་པ་འཚོལ་ཞིབ་བྱ་རྒྱུ་རེད།

ཞིང་ཆེན་གྱི་མགོ་ཁྲིད་པ་ཚེ་རིང་ཐར་དང་ཀྲུའུ་ཞང་ཧྥུན་མཛད་སྒོར་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།