
ཟླ11པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཡོང་བའི་ཞི་ལཱའི་ཙུང་ལི་མུས་ཙོ་ཐཱ་ཅི་སི་ལ་མཇལ་འཕྲད་གནང་།

ཟླ11པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཡོང་བའི་ཞི་ལཱའི་ཙུང་ལི་མུས་ཙོ་ཐཱ་ཅི་སི་དང་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཞི་ལཱ་ནི། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཤེས་རིག་བརྗེ་རེས། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་ཟླ་གྲོགས་ཡིན། རྒྱལ་ཁབ་གཉིས་ཀའི་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་འཁོར་བའི་རིང་ལ། ཀྲུང་གོ་དང་ཞི་ལཱའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་ཐང་ངང་འཕེལ་རྒྱས་ཕྱིན་པ་དང་། ཕྱོགས་གཉིས་ཀའི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཞི་ལཱའི་བར་གྱི་སྲོལ་རྒྱུན་མཛའ་མཐུན་ལ་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཞི་ལཱ་ཕྱོགས་དང་མཉམ་དུ། འཐབ་ཇུས་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཞི་ལཱའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་དུས་རབས་ཀྱི་ནང་སྙིང་བསྩོལ་ཐུབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་གཉིས་ཕན་མཉམ་ལས་དང་ཤེས་རིག་བརྗེ་རེས་ནི། ཕྱོགས་གཉིས་ཀའི་འབྲེལ་བ་ཡི་ཕྲེང་འབྲེལ་ཆེན་པོ་གཉིས་ཡིན། ཅང་མ་འགོར་བའི་སྔོན་ལ། ཞི་ལཱ་སྲིད་གཞུང་གིས་མཐོ་རིམ་འཐུས་མི་མངགས་ནས། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དེའི་སྟེང་ནས།“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་མཉམ་སྐྲུན་ལ་རྒྱབ་སྐྱོར་བྱས་པ་མངོན་པར་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཞི་ལཱའི་བར་གྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། འགྲིམ་འགྲུལ་དང་གྲུ་གཟིངས། ནུས་ཁུངས། འཕྲིན་གཏོང་། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ལྗང་མདོག་དཔལ་འབྱོར་དང་གཞི་གྲངས་དཔལ་འབྱོར། ཚན་རྩལ་གསར་གཏོད་བཅས་ཀྱི་མཉམ་ལས་གོ་སྐབས་རྒྱ་སྐྱེད་གཏོང་བ། སྤུས་ཚད་མཐོ་བའི་ངང་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། པིས་ལེ་ཨའེ་ཧྥུའུ་ཟི་གྲུ་ཁ་ཡུན་རིང་དང་བརྟན་པོ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཞི་ལཱ་རུ་སོང་ནས་དངུལ་གཏོང་ལས་སྐྲུན་བྱེད་པར་སྐུལ་མ་གཏོང་རྒྱུ་དང་། ཞི་ལཱའི་ཁེ་ལས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཁྲོད་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཞི་ལཱའི་ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་སའི་ལྟེ་གནས་དང་། ཤེས་རིག་ལྡན་པའི་གནའ་བོའི་རྒྱལ་ཁབ་ཀྱི་གླེང་སྟེགས་སོགས་མི་གཞུང་རིག་གནས་ཀྱི་ལམ་སྲོལ་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་རྒྱུ་ཡིན་ལ། ཞི་ལཱ་ཕྱོགས་དང་མཉམ་དུ། སློབ་གསོ་དང་རིག་གནས། ཚན་ཞིབ། ཡུལ་སྐོར། ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་ཀའི་རིག་གནས་ཀྱི་རྨང་གཞི་ཟབ་མོ་ལྡན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་པ། ཕྱོགས་མང་རིང་ལུགས་ངོ་མ་དར་སྤེལ་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཆེད། བློ་གྲོས་དང་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་ཉི་ཤུ་འཁོར་བའི་ལོ་ཡིན། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་དེ་ཀྲུང་གོ་དང་ཡོ་རོབ་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་ཅིང་། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་དང་འབྲེལ་བ་ངེས་ཅན་ཡོད། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་ཡོང་བར་བྱ་རྒྱུ་དེ་ནི། རང་བཙན་རང་བདག་དང་ཕན་ཚུན་བརྩི་འཇོག གཉིས་ཕན་མཉམ་ལས་བཅས་ཀྱི་བྱེད་ཕྱོགས་དང་ཁ་འབྲལ་ཐབས་གཏན་ནས་མེད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ། ངོས་འཛིན་ཡང་དག་དང་ངོས་འཛིན་གཅིག་མཐུན། ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་འདོད་ཡོད་པར་བརྟེན། ཞི་ལཱ་ཕྱོགས་ཀྱིས་འདིའི་ཐད་ནས་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་ཐུབ་པའི་རེ་ལྟོས་ཆེ་ཞེས་གསུངས།
མུས་ཙོ་ཐཱ་ཅི་སི་ཡིས་ཞི་ལཱ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ས་ཁུལ་གྱི་ལས་དོན་ཁྲོད་དྲང་གཞག་གི་ལངས་ཕྱོགས་འཛིན་གྱིན་པར་བསྟོད་བསྔགས་ཆེན་པོ་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོའི་བར་ཕྱོགས་མང་མཉམ་ལས་དམ་ཟབ་བྱེད་འདོད་ཡོད། ཞི་ལཱ་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ཀྱི་འབྲེལ་ཟམ་བྱེད་འདོད་ཡོད། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་སྙིང་སྟོབས་ངོས་ནས། མཉམ་དུ་ལག་གདང་སྦྲེལ་ཏེ་མཉམ་ལས་བྱེད་ཆོག་པར་བརྟེན། ཞི་ལཱས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།