ལིས་ཆང་གིས་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2023.11.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 23

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ11པའི་ཚེས3ཉིན་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས།   ཞི་ཐུའུ་ལྕགས་རིགས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས་པ་དང་།    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་བསྡུར་བྱས་པར་མ་ཟད།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་ཁེ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་བསྟན་དོན།  ཞི་ཐུའུ་ལྕགས་རིགས་ནི་འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་ཤིག་ཡིན།    ཞི་ཐུའུ་ལྕགས་རིགས་ཐོན་ཁུངས་ཀྱི་རྩད་བརྟག་དང་གསར་སྤེལ་བེད་སྤྱོད།   ཚད་ལྡན་དོ་དམ་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་།  ཚད་མཐོའི་ཞི་ཐུའུ་ལྕགས་རིགས་ཀྱི་རྒྱུ་ཆ་གསར་བའི་མཁྲེགས་གཏོར་དང་ཐོན་ལས་ཅན་གྱི་འཕེལ་རིམ་ཆེ་རུ་གཏོང་བ།   ཁྲིམས་འགལ་སྔོག་འདོན་དང་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་སོགས་བྱས་ཏེ་ཞི་ཐུའུ་ལྕགས་རིགས་ཐོན་ལས་ཀྱི་སྤུས་མཐོ་ཅན་དང་རིག་ནུས་ཅན།   ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་བསྡུར་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་བ་དང་།  བཅོ་བཟོས་འཆར་ཟིན་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།    གྲོས་ཚོགས་སྟེང་བསྟན་དོན།   རང་རྒྱལ་ལ་གྲུ་ཁ་མང་ཞིང་ཕྱི་ཕྱོགས་མི་སྣ་དང་དངོས་ཟོག་འཁོར་རྒྱུག་མང་བས།   རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་གྱི་འབྲེལ་ཡོད་བཅའ་ཁྲིམས་བཟོ་བཅོས་བྱས་ཏེ་འཐུས་ཚང་དུ་གཏོང་བ་དེ་གྲུ་ཁའི་རིམས་བཤེར་འགོག་ཐིག་བརྟན་པོར་སྲུང་བ་དང་མི་དམངས་ཀྱི་བདེ་ཐང་དང་རྒྱལ་ཁབ་ཀྱི་སྤྱི་བའི་བདེ་འཇགས་ལ་འགན་སྲུང་བྱེད་པར་ཕན་པ་ཡོད།   རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་གྱི་མཉམ་འགོག་མཉམ་སྡོམ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་དང་ཕྱོགས་སོ་སོའི་འགན་འཁྲི་ཇེ་དམ་དུ་གཏོང་བ།   མཐུན་སྦྱོར་མཉམ་སྒུལ་ཇེ་དྲག་ཏུ་གཏོང་བ།    གྲུ་ཁའི་སྤྱི་བའི་འཕྲོད་བསྟེན་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ།   རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་བྱ་བའི་ནང་རྐྱེན་ལེགས་སྒྱུར་བྱེད་པ་བཅས་བྱས་ཏེ་རྒྱུན་རྣམ་དང་འཕྲལ་བསྟུན་ཟུང་འབྲེལ་གྱི་གྲུ་ཁའི་འགོས་ནད་འགོག་སྡོམ་མ་ལག་བཙུགས་ནས་འཐུས་ཚང་དུ་གཏོང་དགོས།    རྒྱལ་མཚམས་རིམས་བཤེར་དང་མི་སྣ་དང་དཔལ་འབྱོར་ཉོ་ཚོང་ལ་གཅིག་འགྱུར་འཆར་འགོད་བྱེད་པ་དང་ཁྲིམས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་བྱེད་པ།   རིམས་བཤེར་དང་གསོ་རིག་སྐོར་ཞིབ།   འཕྲོད་བསྟེན་ཐག་གཅོད་གོ་རིམ་ལེགས་སྒྱུར་བྱེད་པ།  བྱ་བའི་ཕན་ནུས་མཐོར་འདེགས་བཏང་སྟེ་རང་རྒྱལ་གྱི་ཕྱི་ཕྱོགས་མི་སྣའི་འགྲོ་འོང་དང་དཔལ་འབྱོར་ཉོ་ཚོང་མགྱོགས་མྱུར་ངང་སླར་གསོ་བྱེད་པའི་དགོས་མཁོ་དང་འཚམ་པར་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།    ཏང་ཀྲུང་དབྱང་གི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་ཆེད་ཁེ་བཅའ་ཁྲིམས་ལག་བསྟར་བྱེད་པའི་ཞིབ་ཕྲའི་རྩ་དོན་དོན་འཁྱོལ་ནན་མོ་བྱེད་པ།  ཆེད་ཁེའི་ཡིག་ཐོག་སྙན་ཞུ་དང་ཞིབ་བཤེར་ལམ་ཞུགས་སྔར་ལས་འཐུས་ཚང་དུ་གཏོང་བ།   རང་རྒྱལ་གྱི་ཆེད་ཁེ་གསར་སྐྲུན་དང་བེད་སྤྱོད།  སྲུང་སྐྱོབ། དོ་དམ།  ཞབས་ཞུ་བཅས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ།  འབྲེལ་ཡོད་རྒྱལ་སྤྱིའི་སྲོལ་ཡིག་གི་སྦྲེལ་མཐུད་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ཆེད་ཁེའི་བཅའ་ཁྲིམས་ཀྱི་ཚན་རྩལ་གསར་སྐྲུན་ལ་ཡར་སྐུལ་བྱེད་པ་དང་དང་ཐོན་ལས་གསར་བ་དང་འགྲན་ལམ་གསར་བའི་འཕེལ་རྒྱས་ཁྲོད་ཀྱི་བྱེད་ནུས་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས།   རྣམ་པ་སྣ་མང་གི་ཤེས་བྱའི་ཐོན་དབང་གི་བཅའ་ཁྲིམས་དྲིལ་སྒྲོག་བྱ་འགུལ་སྤེལ་ནས་གསར་གཏོད་ལ་འགན་སྲུང་དང་རྒྱབ་སྐྱོར་བྱེད་པའི་བཅའ་ཁྲིམས་ཁོར་ཡུག་བསྐྲུན་དགོས།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།