ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་མཐུན་གྲོང་ཁྱེར་གྱི་ཚོགས་ཆེན་སྐབས་ལྔ་པར་འཕྲིན་ཡིག་བསྐུར།
2023.11.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ11པའི་ཚེས3ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་མཐུན་གྲོང་ཁྱེར་གྱི་ཚོགས་ཆེན་སྐབས་ལྔ་པར་འཕྲིན་ཡིག་བསྐུར། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་རྨང་གཞི་དམངས་ཁྲོད་དུ་གནས་པ་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ནི་མི་དམངས་ཀྱི་མཛའ་མཐུན་ཡིན། མཛའ་མཐུན་ཞིང་ཆེན་དང་ཁུལ། མཛའ་མཐུན་གྲོང་ཁྱེར་བཅས་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་རེད། 1979ལོར་མཛའ་མཐུན་གྲོང་ཁྱེར་གྱི་འབྲེལ་བ་ཐོག་མར་བཙུགས་པ་ནས་ད་ལྟའི་བར་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་མཐུན་ཞིང་ཆེན་དང་ཁུལ། མཛའ་མཐུན་གྲོང་ཁྱེར་བཅས་ཀྱི་འབྲེལ་བ་བཙུགས་པ་རེད། ལོ40ལྷག་གི་རིང་ལ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ཞིང་ཆེན་དང་ཁུལ། མཛའ་མཐུན་གྲོང་ཁྱེར་བཅས་ཀྱིས་མཉམ་ལས་དམ་ཟབ་བྱས་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་འབྲས་དངོས་ཐོབ་ཡོད་ཅེས་གསུངས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་མཐུན་གྲོང་ཁྱེར་གྱི་ཚོགས་ཆེན་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་བར་བརྗེ་རེས་བྱེད་པའི་ལམ་སྲོལ་གལ་ཆེན་ཞིག་ཡིན་པ་དང་། ལམ་སྲོལ་དེ་བཙུགས་པ་ནས་བཟུང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཛའ་མཐུན་གྲོང་ཁྱེར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ཚོགས་ཞུགས་ཕྱོགས་ཁག་གིས་ཀྲུང་གོ་དང་ཨ་རིའི་ས་གནས་བར་ལ་བརྗེ་རེས་བྱེད་པའི་སྦྲེལ་ཟམ་མུ་མཐུད་དུ་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས།  གྲོང་ཁྱེར་བཅས་མུ་མཐའ་མེད་པའི་ཞི་བདེ་རྒྱ་མཚོ་སྒྲོལ་བར་རོགས་རམ་བྱས་ཏེ་མཉམ་དུ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྐྱོན་བྲལ་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་ཆེད་ནུས་པ་སྔར་ལས་ཆེ་བ་འདོན་རྒྱུར་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་མཐུན་གྲོང་ཁྱེར་གྱི་ཚོགས་ཆེན་སྐབས་ལྔ་པ་ཉིན་དེར་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“ལྗང་མདོག་གྲོང་ཁྱེར་མཉམ་སྐྲུན་བྱས་ནས་དམངས་ཚིས་བདེ་སྐྱིད་མཉམ་སྤྱོད་བྱེད”ཅེས་པ་དེ་ཡིན་ལ། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་ཚོགས་པ་དང་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད།