ཧན་ཀྲིན་གྱིས་འཇར་མན་པའོ་ཧྲི་སྡེ་ཚོགས་ཀྱི་རྐང་གཉེར་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་།
2023.11.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 24

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས3ཉིན་པེ་ཅིང་དུ་འཇར་མན་པའོ་ཧྲི་སྡེ་ཚོགས་ཀྱི་རྐང་གཉེར་ལྷན་ཚོགས་ཀྱི་ཀྲུའུ་ཞི་སི་ཐི་ཧྥན་ཧཱ་ཐུང་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན།  ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་ལ་ཕན་ཚུན་གསབ་རེས་རང་བཞིན་དྲག་པོ་ལྡན་པ་དང་། དཔལ་འབྱོར་ཉོ་ཚོང་ནི་དུས་ནམ་ཡང་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་རྨང་རྡོར་གྱུར་ཡོད་ལ། འཇར་མན་གྱི་ཁེ་ལས་མང་བོས་ཀྲུང་གོ་རུ་དངུལ་གཏོང་ལས་སྤེལ་བྱེད་བཞིན་ཡོད།     ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ45འཁོར་བའི་ལོ་ཡིན་པ་དང་།  བཅོས་སྒྱུར་སྒོ་འབྱེད་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན་ལ།  ཀྲུང་གོ་མི་དམངས་དུང་ཕྱུར14ལྷག་གིས་མཉམ་དུ་བདམས་པའི་བགྲོད་ལམ་ཡིན་པས།  དེར་འགྱུར་བ་གཏོང་མི་སྲིད།   ཀྲུང་གོས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་པ་དང་།  བཅའ་ཁྲིམས་དང་ཁྲོམ་རའི་རྩ་དོན་ལ་བརྩི་བཀུར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས།  རྒྱུན་ཆད་མེད་པར་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པ་དང་།   ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་བསྣན་ནས་གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་ངེས།   པའོ་ཧྲི་སྡེ་ཚོགས་དང་བཅས་པའི་རྒྱལ་ཁོངས་བརྒལ་བའི་ཀུང་ཟི་དག་གིས་ཀྲུང་གོ་ནས་འཕེལ་རྒྱས་བཟང་བོ་མངོན་འགྱུར་བྱེད་པ་དང་འཛམ་གླིང་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་བརྟན་པོ་དང་གེགས་མེད་ཡོང་བར་མཉམ་དུ་སྲུང་སྐྱོབ་བྱེད་པར་དགའ་བསུ་ཞུ་བཞིན་ཡོད།

སི་ཐི་ཧྥན་ཧཱ་ཐུང་གིས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་བསྟོད་བསྔགས་བྱས་པ་དང་།   པའི་ཧྲི་སྡེ་ཚོགས་ཀྱིས་མུ་མཐུད་དུ་ཀྲུང་གོར་མ་དངུལ་གཏོང་ཚད་ཆེ་རུ་གཏོང་བ་དང་ཀྲུང་གོ་ནས་ཡུན་རིང་འཕེལ་རྒྱས་འགྲོ་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ་མཉམ་ལས་གཉིས་རྒྱལ་མངོན་འགྱུར་བྱ་རྒྱུའི་ཚུལ་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།