ཟླ11པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བལ་པོར་ས་ཡོམ་དྲག་པོ་བྱུང་བའི་ཐད་བལ་པོའི་ཙུང་ཐུང་པའོ་ཏི་ཨར་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་གནང་།
ཞི་ཅིན་ཕིང་གིས་ཁྱེད་རྒྱལ་ཁབ་ཀྱི་ཁར་ནཱ་ལིས་ཞིང་ཆེན་དུ་ས་ཡོམ་དྲག་པོ་བྱུང་ནས། མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས་པ་ཤེས་རྗེས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ། རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཟབ་མོ་ཞུས་པ་ཡིན་ལ། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མི་དང་རྨས་མ་ཚོར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པར་མ་ཟད། རྨས་མ་རྣམས་མགྱོགས་མྱུར་ངང་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་ཙུང་ཐུང་པའོ་ཏི་ཨར་དང་བལ་པོ་སྲིད་གཞུང་གི་མགོ་ཁྲིད་འོག་ཏུ། གནོད་ཐེབས་མང་ཚོགས་ཀྱིས་སྔ་མོ་ནས་དཀའ་ངལ་ལས་རྣམ་པར་རྒྱལ་ཏེ་ཁྱིམ་གཞིས་བསྐྱར་སྐྲུན་བྱ་ཐུབ་པར་ང་ལ་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་བལ་པོར་དགོས་ངེས་ཀྱི་གནོད་སེལ་རོགས་སྐྱོར་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།
ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་བལ་པོའི་ཙུང་ལི་ཕུའུ་ལཱ་ཁྲང་ཏར་གློག་འཕྲིན་བཏང་ནས་འཚམས་འདྲི་གནང་།
བན་དེ་སྐྱབས་ཀྱིས་བསྒྱུར།