ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་མཚོ་ནུབ་ཁུལ་དུ་ཁེ་ལས་ཀྱི་བཙོག་ཆུའི་སྦགས་བཙོག་ལེགས་བཅོས་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།
2023.11.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

རང་ཞིང་གི་ཁེ་ལས་རེ་འགར་བྱུང་བའི་བཙོག་ཆུའི་སྦགས་བཙོག་གནད་དོན་ལ་དམིགས་ནས། ཟླ11པའི་ཚེས4ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ལེགས་བཅོས་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་ཏེ། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་གོ་གནས་གཙོ་བོར་བཞག་ནས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ནས། གཅིག་ཆོད་ཀྱི་རྣམ་འགྱུར་གྱིས་ཤུགས་ཆེན་པོས་གནད་དོན་ལེགས་བཅོས་ལ་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཚྭ་འདམ་ཆེ་བའི་ཧི་ཞིན་ཚན་རྩལ་ཚད་ཡོད་ཀུང་ཟི་དང་། ཚྭ་འདམ་ཆེ་བའི་ལི་ཆིན་ཚན་རྩལ་རྫས་འགྱུར་ཚད་ཡོད་ཀུང་ཟི། གཏེར་ལེན་ཁ་བཟོ་ལས་ར་བ། དེ་མིན་ཀྲུང་གོའི་ཚྭ་མཚོའི་མཚོ་སྔོན་ཚྭ་ལས་ཚད་ཡོད་ཀུང་ཟི་བཅས་ལ་སོང་ནས། ཡུལ་དངོས་ནས་བསིལ་སྐམ་རྫིང་བུ་དང་མཁོ་མེད་གཤེར་ཁུ་ཕྱིར་གཏོང་བྱེད་ས། ཁེ་ལས་ཀྱི་ཐོན་སྐྱེད་བཀོད་གཏོང་བཀོད་འདོམས་ལྟེ་གནས་བཅས་སུ་རྟོག་ཞིབ་བྱས་པ་དང་། འབྲེལ་ཡོད་ཁེ་ལས་དང་སྡེ་ཁག་གི་མཚམས་སྦྱོར་ལ་ཉན་ནས། བསིལ་སྐམ་བྱེད་སའི་རྫིང་བུའི་ཚྭ་འདམ་ལྷག་མའི་ཐག་གཅོད་དང་ཉེ་འཁོར་ས་ཁུལ་ལ་ཐེབས་པའི་ཤུགས་རྐྱེན་གྱི་དབྱེ་ཞིབ། ཆུའི་ཐོན་ཁུངས་ཀྱི་འཁོར་སྐྱོད་བེད་སྤྱོད། ཁོར་སྲུང་ལྟ་རྟོག་གི་ཕྱིར་ལྡོག་གནད་དོན་གྱི་ལེགས་བཅོས་བྱ་བའི་གནས་ཚུལ་ཞིབ་མོར་དྲིས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་མཐོང་ཆེན་གནང་ཞིང་། ལས་འཛོལ་ཅི་ཡང་བྱེད་མི་རུང་བའི་རེ་བ་གལ་ཆེན་གྱིས་མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན་པ་དང་མངགས་བཅོལ་མཛད་ཡོད། ང་ཚོས་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་དམིགས་བསལ་གོ་གནས་ལ་གཏིང་ཟབ་ཏུ་ངོས་འཛིན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ཚ་ནན་ཆེ་ཞིང་ཉམས་ཞན་ཡིན་ལ། ཁོར་ཡུག་གི་ཐེག་ནུས་ལ་ཚད་ཡོད། རྒྱུན་ཆད་མེད་པར་སྐྱེ་ཁམས་བདེ་འཇགས་ཀྱི་སེམས་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་གཙོར་འཛིན་དང་ལྷད་མེད་འཕེལ་རྒྱས་འདུ་ཤེས་བཙུགས་ནས། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་འགན་འཁྲི་ཆེན་མོ་ཁུར་དུ་ལེན་དགོས་ཟེར།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཁེ་ལས་ཀྱི་བཙོག་ཆུའི་སྦགས་བཙོག་གནད་དོན་ལས་ཡང་བསྐྱར་ང་ཚོའི་བྱ་བའི་ཁྲོད་ཀྱི་ཞན་ཆ་དང་མི་འདང་ས་མངོན་པར་བྱས་ཡོད་པས། ངེས་པར་དུ་བསམ་བློའི་འདུ་ཤེས་སྟེང་ནས་ཡང་བསྐྱར་གསལ་འདེབས་དང་སློབ་གསོ་གཏོང་དགོས། ད་ལྟ་སྤེལ་བཞིན་པའི་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོང་པ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། སྲུང་སྐྱོང་གཉིས་ཀྱི་མཐོ་ཚད་ནས་ལངས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ལངས་ཕྱོགས་གསལ་བོའི་སྒོ་ནས་ཆབ་སྲིད་གླེང་བ་དང་ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ལྟ་བ་ལག་བསྟར་བྱས་ནས་སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་དགོས། གཏིང་ཟབ་པའི་སྒོ་ནས་བྱ་བའི་བར་ཁྱད་ལ་ཞིབ་བཤེར་དང་བསམ་གཞིགས་གཏོང་བ་དང་ལེགས་བཅོས་བྱ་བ་དམ་འཛིན་གང་ལེགས་བྱས་ནས། རྙེད་པའི་གནད་དོན་དམ་འཛིན་དང་དེར་རིགས་བསྒྲེས་ནས་ཕྱོགས་ཡོངས་ནས་ཐུན་མོང་རང་བཞིན་དང་ཐུན་མིན་རང་བཞིན་། མངོན་མེད་གནད་དོན་བཅས་རྩད་ཞིབ་བྱེད་དགོས་ལ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་རྟོག་ཕྱིར་ལྡོག་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་དགོས། རང་འགུལ་གྱིས་འགན་འཁྲི་ཁུར་དུ་བླངས་ནས་གོང་འོག་གཅིག་སྦྲེལ་དང་སེམས་ཤུགས་གཅིག་སྒྲིལ་སྒོས་བྱེད་ཐབས་བཏོན་ནས་གནད་དོན་ཐག་གཅོད་གང་ལེགས་བྱེད་པར་སྐུལ་འདེད་གཏོང་དགོས་ལ། ཁྲིམས་ལྟར་ཁོར་ཡུག་སྦགས་བཙོག་གི་ཁྲིམས་འགལ་ནག་ཉེས་རྩད་གཅོད་བྱེད་པ་དང་། འགན་འཁྲི་དོན་འཁྱོལ་མི་བྱེད་པ། ལེགས་བཅོས་བྱས་པ་མི་འདང་བ། ལྟ་རྟོག་དོ་དམ་བྱས་པ་མི་བཟང་བ་བཅས་རྩད་གཅོད་བྱས་ནས། འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། བསྟུད་མར་སྦགས་བཙོག་བཅོས་སྐྱོང་གི་མཁྲེགས་གཏོར་ཕན་ནུས་ཇེ་ཆེར་གཏོང་བ་དང་། ཡུན་རིང་ལ་དམིགས་ནས་སྒྲིག་ལམ་ལམ་ལུགས་འཐུས་ཚང་དུ་འཛུགས་པར་རྐང་འཛུགས་པ་དང་ཚན་རིག་དང་མཐུན་པར་མ་ལག་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་ཐབས་འདོན་པ། ཆོད་སེམས་ཆེན་པོ་དང་ནུས་པ་ཆེན་པོ་བཏོན་ནས་སྦགས་བཙོག་གི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་དགོས་ཟེར།

ཞིང་ཆེན་གྱི་མགོ་ཁྲིད་པ་ཀྲུའུ་ཞང་ཧྥུན་དང་ལིའུ་ཐའོ་རྟོག་ཞིབ་བྱ་བར་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།