ཧན་ཀྲིན་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གཞོན་པས་མཉམ་དུ་མགོ་འཛིན་གནང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཕྱོགས་གཉིས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས།
2023.11.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ11པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གཞོན་པ་མཱ་ཧྲ་ཏིས་ལའེ་ལ་མཇལ་འཕྲད་གནང་བར་མ་ཟད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཕྱོགས་གཉིས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པར་མཉམ་དུ་མགོ་འཛིན་གནང་།

ཧན་ཀྲིན་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཕྱོགས་གཉིས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་གལ་ཆེན་ཁྲོད་མཉམ་ལས་མཐུན་སྦྱོར་བྱེད་པའི་ནུས་པ་ཆེན་པོ་འདོན་སྤེལ་གང་ལེགས་བྱེད་ཀྱིན་ཡོད། ད་ཐེངས་ཀྱི་ཚོགས་འདུའི་སྟེང་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་མཇལ་འཕྲད་གྲུབ་འབྲས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ་དང་། ཕྱོགས་གཉིས་ཀའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་བསམ་འཆར་བརྗེ་རེས་གང་ལེགས་བྱས་པར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་བྱུང་ཡོད། དུས་རིམ་རྗེས་མར་ཕྱོགས་གཉིས་ཀས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། མི་གཞུང་རིག་གནས་བརྗེ་རེས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རང་འགུལ་ངང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱས་ནས། ཟང་ཟིང་དུ་འགྱུར་བཞིན་པའི་མིག་སྔའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་སྔར་ལས་གང་མང་སྣོན་འདོད་ཡོད་ཅེས་གསུངས།

མཱ་ཧྲ་ཏིས་ལའེ་ཡིས་ཨ་ཧྥེ་རི་ཁ་ལྷོ་མས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་ཀའི་ཨུ་ཡོན་ལྷན་ཁང་ལམ་སྲོལ་གྱིས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་ཐད་ཀྱི་ཡིད་ཆེས་སྔར་ལས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་སྐྱེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་བར་གྱི2063ལོའི་གྲོས་རིམ་ཐད་སྦྲེལ་མཐུད་གང་ལེགས་ཡོང་བར་ཤུགས་སྣོན་པ་བཅས་བྱས་ནས། ཨ་ཧྥེ་རི་ཁ་ལྷོ་མ་དང་ཀྲུང་གོའི་བར་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།