ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དྲུག་པར་འཕྲིན་ཡིག་བསྐུར།
2023.11.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ11པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དྲུག་པར་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས2018ལོ་ནས་བཟུང་ད་ལྟའི་བར་དུ་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་ལྔ་པ་བདེ་བླག་ངང་སྤེལ་བ་དང་། ཀྲུང་གོའི་ཁྲོམ་ར་ཆེན་མོའི་ལེགས་ཆར་བརྟེན་ནས་རྒྱལ་སྤྱིའི་ཉོ་སྒྲུབ་དང་དངུལ་གཏོང་ལ་སྐུལ་འདེད་གཏོང་བ་དང་མི་གཞུང་རིག་གནས་བརྗེ་རེས་བྱེད་པ། སྒོ་འབྱེད་མཉམ་ལས་བྱེད་པ་བཅས་ཀྱི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གང་མགྱོགས་སྒོས་བསྐྲུན་པ་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་སླར་གསོའི་སྒུལ་ཤུགས་འདང་ངེས་མིན་པའི་དབང་གིས། རྒྱལ་ཁབ་སོ་སོས་དཀའ་ངལ་མཉམ་སེལ་དང་འཕེལ་རྒྱས་མཉམ་གཉེར་བྱེད་དགོས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་པར་བརྟེན། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་འདི་ཉིད་སྔར་ལས་སྒོ་འབྱེད་དང་དཀྱེལ་ཡངས། ཀུན་ཕན། དོ་སྙོམས། གཉིས་ཕན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་ཡིན་ལ། རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཚོགས་འདུའི་སྟེང་དུ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་སྐྲུན་པའི་སྐར་ཁུང་ནུས་པ་མགྱོགས་མྱུར་ངང་ཆེ་རུ་བཏང་ནས། ཀྲུང་གོའི་འཕེལ་རྒྱས་གསར་བར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་བ་མཁོ་འདོན་བྱ་རྒྱུ་ཡིན། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་གོའི་ཁྲོམ་ར་ཆེན་པོ་དེ་འཛམ་གླིང་ཡོངས་ཀྱིས་ལོངས་སྤྱོད་བྱས་ཆོག་པའི་ཁྲོམ་ར་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་རྒྱུ་དང་། འཛམ་གླིང་ཧྲིལ་པོས་མཉམ་སྤྱོད་བྱས་ཆོག་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཀྱི་ཞབས་ཞུ་སྔར་ལས་ཡག་པོ་མཁོ་འདོན་བྱས་ནས། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། མཉམ་ལས་གཉིས་ཕན་ཡོང་བར་བྱས་ནས། འཛམ་གླིང་ལ་ཕན་པ་ཐོབ་པར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དྲུག་པ་ཉིན་དེར་ཧྲང་ཧའེ་གྲོང་ཁྱེར་དུ་འཚོགས་མགོ་བརྩམས་པ་དང་ཐེངས་འདིའི་བཤམས་སྟོན་ཚོགས་འདུའི་བརྗོད་དོན་ནི། “དུས་རབས་གསར་བར་འབྱུང་འགྱུར་མཉམ་དུ་ལོངས་སྤྱོད་བྱེད”ཅེས་པ་དེ་ཡིན་ཞིང་། ཚོང་དོན་པུའུ་དང་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།