ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས》ཞེས་པའི་དཔེ་དེབ། ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།
དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་ནི་ཉེ་རབས་ནས་བཟུང་ཀྲུང་གོ་མི་དམངས་ཀྱི་འབད་འཐབ་དམིགས་འབེན་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ལྷག་གི་རིང་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གོ་མི་དམངས་ཀྱིས་མི་རིགས་བསྐྱར་དར་བརྩོན་ལེན་བྱེད་པའི་ལོ་རྒྱུས་ནི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་ཟམ་མི་ཆད་པར་བྱེད་པའི་ལོ་རྒྱུས་ཤིག་ཀྱང་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པའི་རྨང་གཞིའི་སྟེང་དུ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། གཞུང་ལུགས་དང་ལག་ལེན་ཐད་ནས་རིམ་པར་གསར་གཏོད་མཁྲེགས་གཏོར་བྱས་པ་བརྒྱུད། རང་རེའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མིའི་རིགས་ཀྱི་ཤེས་རིག་གི་རྣམ་པ་གསར་པ་བསྐྲུན་ནས། དེང་རབས་ཅན་གྱི་རྣམ་པ་གསར་བ་མངོན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་ཡང་དག་སྟེང་གེགས་མེད་དང་བརྟན་བརླིང་ངང་བསྐྱོད་པ་ནི། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་བགྲོད་ལམ་ཡང་དག་གཅིག་པུ་ཡིན་པ་ལག་ལེན་དངོས་ཀྱིས་ར་སྤྲོད་བྱས་ཡོད། ད་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་གཙོ་བོ་ནི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྗོད་སྙིང་དུ་བཟུང་ནས་དེའི་སྐོར་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དག་ནི། གཟིགས་རྒྱང་རིང་བ་དང་ནང་སྙིང་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་སྙིང་དང་ངོ་བོའི་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་བཏང་བར་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། གཞི་འཛིན་ས་གལ་ཆེན་བཅས་ཕྱོགས་བསྡུས་བྱས་ཏེ་གྲུབ་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་མ་ལག་གི་ཐོག་མའི་རྣམ་པ་གྲུབ་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྔར་ལས་གསལ་བོ་ཡོང་བར་བྱེད་པ་དང་སྔར་ལས་ཚན་རིག་དང་མཐུན་པར་བྱེད་པ། སྔར་ལས་རྟོགས་ཐུབ་པར་བྱེད་པ་བཅས་མངོན་འགྱུར་བྱས་ནས། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་དུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་གཉེར་བའི་ཐད་དུ་དོན་སྙིང་གལ་ཆེན་ལྡན།
《རྒྱས་བཤད་བཏུས་བསྒྲིགས》དེ་ཆེད་དོན7ལ་དགར་ཡོད་ཅིང་། ཁྱོན་བསྡོམས་རྒྱས་བཤད་ཁག522ཀྱིས་གྲུབ་ཡོད་ལ། དེབ་འདིའི་ནང་དུ་བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ11པའི་ཚེས15ཉིན་ནས2023ལོའི་ཟླ10པའི་ཚེས18ཉིན་བར་གྱི་སྙན་ཞུ་དང་གསུང་བཤད། གསལ་བཤད། ཚོགས་བཤད། གླེང་མོལ། རྟེན་འབྲེལ་ཞུ་ཡིག ཡིག་ལན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན220ལྷག་བཏུས་བསྒྲིགས་བྱས་ཡོད། དེབ་འདིའི་ནང་གི་རྒྱས་བཤད་ཁག་ཅིག་ནི་ཡོངས་བསྒྲགས་བྱེད་ཐེངས་ཐོག་མ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།