ཟླ11པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲང་ཧའེ་རུ། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དྲུག་པ་དང་ཧུང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་ནས་གཙོ་དོན་གསུང་བཤད་གནང་།
ལིས་ཆང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིའི་དངོས་མང་བཤམས་སྟོན་ཚོགས་འདུར་ཆེད་དུ་འཕྲིན་ཡིག་བསྐུར་ཏེ། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་ཡང་བསྐྱར་བསྒྲགས། རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཚོགས་འདུ་གཉེར་བ་ནས་བཟུང་། རྒྱལ་སྤྱིའི་ཉོ་སྒྲུབ་དང་དངུལ་གཏོང་ལ་སྐུལ་འདེད་གཏོང་བ་དང་། མི་གཞུང་རིག་གནས་བརྗེ་རེས་བྱེད་པ། སྒོ་འབྱེད་མཉམ་ལས་བཅས་ཀྱི་ལས་སྟེགས་ཆེན་པོ་བཞིའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་བས། འཛམ་གླིང་ཧྲིལ་པོས་མཉམ་སྤྱོད་བྱས་ཆོག་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཀྱི་ཁྱད་ཆོས་སྔར་ལས་མངོན་གསལ་ཅན་དུ་ཕྱིན་ཡོད་ཅེས་གསུངས།
ལིས་ཆང་གིས་ཚང་མར“བཤམས་སྟོན་ཚོགས་འདུའི་གཏམ་རྒྱུད”མཉམ་སྤྱོད་བྱས་ནས། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་བསྒྱུར་རྒྱུ་ནི། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མི་སེམས་ཀྱི་གཏད་ཕྱོགས་ཤིག་ཡིན་ལ། སྒོ་འབྱེད་མཉམ་ལས་དང་གཉིས་ཕན་གཉིས་རྒྱལ་ནི་ཆེས་བློ་གྲོས་ལྡན་པ་དང་ཆེས་རང་བྱུང་གི་གདམ་ག་ཞིག་ཡིན། ཀྲུང་གོས་ལྷག་བསམ་ཟོལ་མེད་ངང་རྒྱལ་ཁབ་སོ་སོ་དང་མཉམ་དུ་སྒོ་འབྱེད་གར་སྟེགས་ཆེན་པོའི་སྟེང་ཕན་ཚུན་མདུན་སྐྱོད་དང་ཕན་ཚུན་གྲུབ་འབྲས་ཐོབ་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད། ཀྲུང་གོས“ཁྲོམ་རའི་གོ་སྐབས་སྔར་ལས་ཆེ་བའི”སྒོ་འབྱེད་ལ་མུ་མཐུད་སྐུལ་འདེད་བཏང་ནས། འཛམ་གླིང་ལ་ཁྲོམ་རའི་ཕན་འབྲས་ཆེན་པོ་མུ་མཐུད་བསྐྲུན་རྒྱུ་དང་། “སྒྲིག་སྲོལ་འབྲེལ་མཐུད་བྱས་པ་ཆེས་ལེགས་པའི”སྒོ་འབྱེད་ལ་མུ་མཐུད་སྐུལ་འདེད་བཏང་ནས། ཕན་ནུས་ཆེ་བའི་སྒོ་འབྱེད་ལས་སྟེགས་སྔར་ལས་གང་མང་བསྐྲུན་ཏེ། ཁྲོམ་རའི་ནང་ཞུགས་ཆོག་མིན་གྱི་ཆ་རྐྱེན་སྔར་ལས་ཇེ་ལྷོད་དུ་གཏོང་བ་དང་། ཕྱི་རྒྱལ་གྱི་ཚོང་པའི་དངུལ་གཏོང་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱ་རྒྱུ་ཡིན། “གསར་གཏོད་ཀྱི་འགུལ་ནུས་སྔར་ལས་བརྟན་པའི”སྒོ་འབྱེད་ལ་མུ་མཐུད་སྐུལ་འདེད་བཏང་ནས། རང་འགུལ་ངང་འཛམ་གླིང་ཧྲིལ་པོའི་གསར་གཏོད་དྲ་རྒྱ་དང་སྔར་ལས་མཉམ་འདྲེས་བྱེད་ཐུབ་པར་བྱ་རྒྱུ་དང་། “དཀྱེལ་ཡངས་མཉམ་སྤྱོད”ཀྱི་སྒོ་འབྱེད་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་གྱི་དབང་གྲགས་རང་བཞིན་དང་ཕན་ནུས་རང་བཞིན་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རོགས་རེས་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་བཅས་བྱ་རྒྱུ་ཡིན་ལ། དུས་མཚུངས་སུ། ཕྱི་ཕྱོགས་སྒོ་འབྱེད་དངོས་ཁྲོད་ཀྱི་ཧྲང་ཧའེ་ཡི་ནུས་པ་གལ་ཆེན་འདོན་སྤེལ་སྔར་ལས་གང་ལེགས་བྱས་ཏེ། ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་ཆུ་ཚད་མཐོ་བའི་ལམ་ལུགས་ཅན་གྱི་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པར་མ་ཟད། ཧྲང་ཧའེ་རུ། “དར་གོས་ཚོང་ལམ་གྱི་གློག་རྡུལ་ཚོང་དོན”མཉམ་ལས་སྔོན་སྐྱོད་ཁུལ་ཡང་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་གསུངས།
ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་ཟི་དང་ཁུ་པའི་ཙུང་ལི་མཱ་ལེ་ལཱོ། ཧ་སག་སི་ཐན་གྱི་ཙུང་ལི་སི་མའེ་ལོ་ཧྥུའུ། སེར་ཝེ་ཡའི་ཙུང་ལི་པུའུ་ཨར་ན་པིས་ཆི། དབྱི་ལང་གི་ཙུང་ཐུང་གཞོན་པ་དང་པོ་མུའུ་ཧི་པེ་ཨར། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གཞོན་པ་མཱ་ཧྲ་ཏིས་ལའེ་སོགས་མགོ་རྩོམ་མཛད་སྒོར་ཞུགས།
ལིས་ཆང་གིས་མགོ་རྩོམ་མཛད་སྒོའི་སྔོན་ལ་ཁེ་ལས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་། མགོ་རྩོམ་མཛད་སྒོའི་རྗེས་སུ། ལིས་ཆང་གིས་ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་གྱི་མགོ་ཁྲིད་མི་སྣ་དང་ལྷན་དུ་འགྲེམས་སྟོན་ཁང་ལ་གཟིགས་ཞིབ་གནང་།
ཧི་ལིས་ཧྥུན་དང་ཁྲིན་ཅི་ཉིང་། ཝུའུ་ཀྲིན་ལུང་བཅས་གོང་གསལ་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།