ཏེན་ཞུའེ་ཞང་རྒྱུད་གཅིག་ལམ་གཅིག་ཚན་རྩལ་བརྗེ་རེས་ཚོགས་ཆེན་སྐབས་དང་པོའི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
2023.11.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ11པའི་ཚེས6ཉིན། རྒྱུད་གཅིག་ལམ་གཅིག་ཚན་རྩལ་བརྗེ་རེས་ཚོགས་ཆེན་སྐབས་དང་པོ་ཁྲུང་ཆིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཁྲུང་ཆིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡོན་ཅ་ཅུན་གྱིས་འགོ་རྩོམ་མཛད་སྒོའི་སྟེང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཟླ11པའི་ཚེས6ཉིན། རྒྱུད་གཅིག་ལམ་གཅིག་ཚན་རྩལ་བརྗེ་རེས་ཚོགས་ཆེན་སྐབས་དང་པོ་ཁྲུང་ཆིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་སྟེང་རྒྱུད་གཅིག་ལམ་གཅིག་ཚན་རྩལ་བརྗེ་རེས་ཚོགས་ཆེན་སྐབས་དང་པོ་འཚོགས་རྒྱུའི་གྲོས་འགོ་བཏོན་པ་དང་། ད་ཐེངས་ཆེད་དུ་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་ཡིག་སྤྲིངས་པ་དེའི་ཐོག་ནས་རྒྱུད་གཅིག་ལམ་གཅིག་ཚན་རྩལ་བརྗེ་རེས་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་སྒོས་མཚོན་ཡོད། རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་པའི་གྲོས་འགོ་བཏོན་པ་ནས་བཟུང་ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་ཚན་རྩལ་གསར་གཏོད་འགུལ་སྐྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ་གསར་གཏོད་ཀྱི་དར་གོས་ཚོང་ལམ་བསྐྲུན་ཚད་ཇེ་མགྱོགས་སུ་བཏང་ནས་ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་དངོས་ཐོབ་ཡོད།

ཏེན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་མཉམ་སྐྲུན་ཁྲོད་ཞུགས་པའི་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱུད་གཅིག་ལམ་གཅིག་ཚན་རྩལ་གསར་གཏོད་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ་ཚན་རྩལ་གྲུབ་འབྲས་ལས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། གཅིག་ནས་གསར་གཏོད་རོགས་རེས་འབྲེལ་བ་མཉམ་དུ་བཙུགས་ནས་ཚན་རྩལ་འཕེལ་རྒྱས་ཀྱི་འཆར་འགོད་དང་སྲིད་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་ཚན་རྩལ་བརྗེ་རེས་ཚོགས་ཆེན་དང་ཚན་རྩལ་གསར་གཏོད་ཀྱི་པུའུ་ཀྲང་ཚོགས་འདུ་ལམ་སྲོལ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བའི་མཐོ་རིམ་གྱི་གྲོས་མོལ་སྟེགས་བུ་གཏོད་རྒྱུ་ཡིན། གཉིས་ནས་གསར་གཏོད་ཀྱི་འཕར་སྣོན་སྒུལ་ཤུགས་མཉམ་དུ་སྐྱེད་སྲིང་བྱས་ནས་རེས་སྐོར་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་གོ་སྐབས་དམ་འཛིན་གྱིས་མིས་བཟོས་རིག་ནུས་དང་། ཚེ་སྲོག་ཚན་རིག ལྗང་མདོག་ནུས་ཁུངས། སྔོན་ཐོན་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བར་སྟོང་རྒྱ་ཆེར་བཏང་ནས་རྒྱལ་ཁབ་ཁག་གི་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་སྒོ་འབྱེད་གསར་གཏོད་ཀྱི་སྐྱེ་ཁམས་མཉམ་དུ་བསྐྲུན་ནས་ཤེས་བྱར་བརྩི་འཇོག་དང་གསར་གཏོད་ལ་བརྩི་འཇོག་བྱེད་པའི་རྣམ་པ་བཟང་བོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཤེས་བྱ་དང་། ལག་རྩལ། ཤེས་ལྡན་མི་སྣ་སོགས་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་བདེ་བླག་ངང་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། གསར་གཏོད་ཀྱི་འབྱུང་ཁུངས་དེ་རྒྱུད་གཅིག་ལམ་གཅིག་ནང་གང་ལེགས་སྒོས་མངོན་པ་བཅས་བྱེད་དགོས། བཞི་ནས་འཛམ་གླིང་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་མཉམ་དུ་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མར་སྲུང་སྐྱོང་བྱེད་པ། མཉམ་ཞུགས་གང་ལེགས་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་པའི་རྨང་གཞིའི་ཐོག་སྒྲིག་སྲོལ་བཟོ་རྒྱུར་སྐུལ་འདེད་གཏོང་བ། ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་པ། ཤེས་བྱའི་བདག་དབང་བཀག་སྡོམ་ལ་ངོ་རྒོལ་བྱེད་པ། མིས་བཟོས་ཚན་རྩལ་གྱི་འགལ་རྐྱེན་རྒྱ་སྐྱེད་གཏོང་བ་བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཚོགས་ཆེན་ཐོག་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱི་གྲོས་འགོ་བཏོན་ནས་སྒོ་འབྱེད་དང་འདྲ་མཉམ། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱི་འདུ་ཤེས་དར་སྤེལ་དང་ལག་བསྟར་བྱས་ནས་རྒྱལ་མཚམས་མེད་པ་དང་མིའི་རིགས་ཡོངས་ལ་ཕན་པ་ཐོབ་པ་མཐའ་འཁྱོངས་ཀྱིས་ལག་གདང་སྦྲེལ་ནས་འཛམ་གླིང་ཧྲིལ་པོའི་ཚན་རྩལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཡིན་ཞེས་གསུངས།

ཧང་ག་རིའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡཱ་ཀའོ་པུའུ་ཡིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཧང་ག་རི་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་ཚན་རྩལ་གསར་གཏོད་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་དང་ཐ་ན་འཛམ་གླིང་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

འགོ་རྩོམ་མཛད་སྒོ་བསྡུས་རྗེས་ཏེན་ཞུའེ་ཞང་གིས་རྒྱུད་གཅིག་ལམ་གཅིག་ཚན་རྩལ་གསར་གཏོད་མཉམ་ལས་ཀྱི་ལོ་བཅུའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པར་མ་ཟད་ཚན་རྩལ་མི་སྣ་དང་བརྗེ་རེས་བྱས།

རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་མི་སྣ་དང་། ཁེ་ལས་ཀྱི་འགན་འཁུར་བ། སྲིད་གཞུང་གི་དཔོན་རིགས། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་སོགས་མི་བརྒྱད་བརྒྱ་ཙམ་འགོ་རྩོམ་མཛད་སྒོར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།