ཟླ11པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གཞོན་པ་མཱ་ཧྲ་ཏིས་ལའེ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཉེར་ལྔ་ལོན་པའི་ལོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆེས་བཟང་བའི་དུས་རབས་སུ་སླེབས་ཡོད། ད་ལོའི་ཟླ་བརྒྱད་པར། ངས་ཨ་ཧྥེ་རི་ཁ་ལྷོ་མར་རྒྱལ་དོན་འཚམས་འདྲི་ཐེངས་བཞི་པ་བྱས་ཏེ་ཙུང་ཐུང་ལཱ་མཱ་ཧྥུའུ་ས་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་གཉིས་ཀ་ཕན་ཚུན་ཡིད་ཆེས་ཆེན་པོ་བྱེད་པའི་འཐབ་ཇུས་གྲོགས་པོ་དང་མཉམ་དུ་ཡར་ཐོན་འབྱུང་བའི་འཕེལ་རྒྱས་གྲོགས་པོ། ཕན་ཚུན་ཤེས་རྟོགས་ཀྱི་མཛའ་མཐུན་གྲོགས་པོ། དྲང་གཞག་སྲུང་སྐྱོབ་ཀྱི་འཛམ་གླིང་ཧྲིལ་བོའི་གྲོགས་པོ་བཅས་བྱེད་རྒྱུ་ཐག་བཅད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མ་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་པ་དང་། ཨ་ཧྥེ་རི་ཁ་ལྷོ་མ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཡིད་རྟོན་གྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏང་སྟེ་གཉིས་ཕན་མཉམ་ལས་ཆུ་ཚད་མཐོར་འདེགས་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མ་སོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་གི་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན། འཇོན་མི་གསོ་སྐྱོང་བཅས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གསུམ་དང་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་འགུལ་སྐྱོད་བརྒྱད་དོན་འཁྱོལ་བྱེད་པ་དང་། ཚད་གཞི་མཐོ་བ་དང་དམངས་ལ་ཕན་པ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་མཉམ་ལས་ལས་གཞི་སྐོར་ཞིག་བསྐྲུན་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་མཉམ་ལས་ཀྱི་འཐབ་ཇུས་རང་བཞིན་དང་རྒྱུན་མཐུད་རང་བཞིན་མཐོར་འདེགས་གཏོང་བ་དང་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་གསེར་གྱོམ་རྒྱལ་ཁབ་ནང་རྐྱེན་འོག་གི་མཉམ་ལས་རྒྱུན་ཆད་མེད་པར་དམ་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
མཱ་ཧྲ་ཏིས་ལའེ་ཡིས་བསྟན་དོན། ད་ལོའི་ཟླ་བརྒྱད་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ལྷོ་མར་བདེ་བླག་ངང་རྒྱལ་དོན་འཚམས་འདྲི་བྱས་ཏེ་ཨ་ཧྥེ་རི་ཁ་ལྷོ་མ་དང་ཀྲུང་གོ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་སྔར་ལས་སྲ་བརྟན་དུ་བཏང་བ་དང་མ་འོངས་པར་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྒུལ་ཤུགས་ཆེན་པོ་བསྩལ། ཙུང་ཐུང་ལཱ་མཱ་ཧྥུའུ་སཱས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཆེས་མཐོ་བའི་གཟི་བརྗིད་གཟེངས་རྟགས་གནང་བ་དེས་ཨ་ཧྥེ་རི་ཁ་ལྷོ་མའི་མི་དམངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ལྷོ་མ་དང་ཀྲུང་གོ་གཉིས་ཀྱི་མཛའ་མཐུན་ཐད་བཞག་པའི་བྱས་རྗེས་གལ་ཆེན་ལ་ཁས་ལེན་བཟང་བོ་དང་བཀའ་དྲིན་ཆེན་པོ་ཞུ་བཞིན་པ་མཚོན། ཨ་ཧྥེ་རི་ཁ་ལྷོ་མ་ཕྱོགས་ཀྱིས་རང་སྟེང་གི་འཕེལ་རྒྱས་འཐབ་ཇུས་ལ་ཤུགས་བསྣན་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་གྲོས་འགོར་སྦྲེལ་མཐུད་བྱེད་པ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བར་རེ་བཞིན་ཡོད། ཨ་ཧྥེ་རི་ཁ་ལྷོ་མ་ཕྱོགས་ཀྱིས་ཀྲུང་གོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་དང་འཛམ་གླིང་གི་ཞི་བདེར་ཡར་སྐུལ་བྱེད་པའི་ཐད་བཞག་པའི་བྱས་རྗེས་ལ་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་སྒྲིག་གཞིའི་འོག་གི་མཐུན་སྦྱོར་ལ་མུ་མཐུད་དུ་ཤུགས་སྣོན་པར་རེ་བཞིན་ཡོད།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།