ཟླ11པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་ལ་མཇལ་འཕྲད་གནང་།
ཟླ11པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ད་ལོ་ནི་ཙུང་ལི་ཧུའེ་ཐི་ལ་མུའུ་ཡིས་ཀྲུང་གོར་འཚམས་འདྲི་བྱས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན། ཙུང་ལི་ཁྱོད་ཀྱི་ད་ཐེངས་ཀྱི་འཚམས་འདྲི་ནི་སྔ་འཛིན་ཕྱི་གཏོད་དང་སྔར་སྲོལ་རྒྱུན་འཛིན་གྱི་བྱེད་ཕྱོགས་ཤིག་རེད། ཕྱོགས་གཉིས་ཀའི་ཐུན་མོང་གི་འབད་བརྩོན་འོག་ཏུ། རྒྱལ་ཁབ་གཉིས་ཀས་ཁྱབ་ཁོངས་སོ་སོའི་བརྗེ་རེས་སླར་གསོ་བྱས་ནས། འཕེལ་རྒྱས་ཀྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བའི་ཡང་དག་པའི་བགྲོད་ལམ་སྟེང་དངོས་སུ་བསྐྱོད་ཡོད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་གཉིས་ཀ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀའི་བར་ལོ་རྒྱུས་ཀྱི་འཁོན་འཛིན་དང་འགལ་ཟླ་མེད་ཅིང་། རྩ་བའི་ཁེ་ཕན་གྱི་ཆ་ནས་འགལ་བ་ཡང་མེད་པས། རྒྱལ་ཁབ་གཉིས་ནི་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་གྲུབ་འབྲས་ཐོབ་པའི་ཟླ་གྲོགས་སུ་འགྱུར་རུང་། ཕྱོགས་གཉིས་ཀས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་གཏིང་ཟབ་འགྲོ་བའི་ཁྲོད་དུ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་ཡང་དག་པའི་ཁ་ཕྱོགས་ལ་སྟངས་འཛིན་བྱེད་དགོས། རང་རྒྱལ་ཁབ་ནི་རྒྱལ་ཁབ་ཀུན་ལས་གཙོ་བོར་བལྟས་པ་ཡིན་ན། མིག་སྔའི་འཛམ་གླིང་འདི་ཉིད་གུ་དོག་མོ་ཅན་དུ་གྱུར་ཏེ། དུས་དང་རྣམ་པ་ཀུན་ཏུ་ཉེན་ཁ་དང་འགྲན་རྩོད་ཀྱིས་ཁེངས་ངེས་ཡིན། ལས་དབང་གཅིག་མཐུན་ཡིན་པའི་ངོས་ནས་བལྟས་པ་ཡིན་ན། གཞི་ནས་མིག་སྔའི་འཛམ་གླིང་འདི་ཉིད་ཁོད་ཡངས་རྒྱ་ཆེ་དང་གང་ས་གང་དུ་གོ་སྐབས་དང་མཉམ་ལས་ཀྱི་རྣམ་པས་ཁྱབ་ཡོད། ཞིབ་ཏུ་དཔྱད་ན། འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་ཉམས་ཉེན་ཆེན་པོ་འདིའི་མདུན་དུ། རྒྱལ་ཁབ་ཁག་རང་སོ་སོའི་གྲུ་ཆུང190ལྷག་གི་སྟེང་བསྡད་མེད་པར་ལས་དབང་དང་ཐུན་མོང་གཅིག་མཐུན་ཡིན་པའི་གྲུ་གཟིངས་ཆེན་པོའི་སྟེང་བསྡད་ཡོད། རྒྱལ་ཁབ་གཉིས་ཀས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས། རྒྱལ་ཁབ་གཉིས་ཀའི་ཐུན་མོང་གི་ཁེ་ཕན་ལ་དམ་པོར་དམིགས་ཏེ། མཉམ་དུ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ། གཉིས་ཕན་མཉམ་ལས་བཅས་ཀྱི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་འབྲེལ་བ་བཙུགས་ནས། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་ལ། བྱེད་ཕྱོགས་དེ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱི་ཐུན་མོང་གི་རེ་ལྟོས་དང་མཐུན་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ལས་བྱུང་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་སྔར་ལས་ཁ་གཏད་ནུས་ལྡན་འཇལ་བའི་ངོས་ནས་བཤད་ནའང་ཕན་ཐོགས་ངེས་ཅན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་རང་མོས་ཚོང་དོན་གྲོས་ཆོད་ཀྱི་སྦས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས། གནམ་གཤིས་ཀྱི་འགྱུར་ལྡོག་དང་ལྗང་མདོག་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ། འཛམ་གླིང་ཧྲིལ་པོ་དང་ས་ཁོངས་ཀྱི་རང་མོས་ཚོང་དོན་མ་ལག་ལ་སྲུང་སྐྱོབ་བྱས་ནས། རྒྱལ་ཁབ་གཉིས་ཀའི་ཁེ་ལས་ཀྱིས་དངུལ་གཏོང་དང་ཚོང་དོན་ལ་ཕན་པའི་ཚོང་གཉེར་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས། རྒྱལ་ཁབ་གཉིས་ཀའི་སྲིད་གཞུང་གིས་ཁྲིམས་འཛུགས་སྒྲིག་གཞི་དང་སྲིད་ཏང་། རིག་མཛོད། ན་གཞོན། ས་གནས་བཅས་བར་བརྗེ་རེས་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། མི་སྣ་འགྲོ་འོང་གི་ཆེད་དུ་སྔར་ལས་སྟབས་བདེ་གང་མང་བསྐྲུན་རྒྱུ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་བར་ཕན་ཚུན་རྒྱུས་ལོན་བྱེད་ཚད་སྔར་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་གྱི་དམངས་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་གསུངས།
ཨར་པ་ཉི་སི་ཡིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གང་ལེགས་གཏོང་བ་དང་། དཔལ་འབྱོར་ཚོང་དོན་འགྲོ་འོང་བྱེད་ཚད་གཏིང་ཟབ་ཏུ་གཏོང་བ། ནུས་ཁུངས་གཙང་མ་དང་གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་འདོད་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་སོགས་ས་ཁུལ་གྱི་ལས་དོན་ཐད་ནས་འབྲེལ་གཏུག་ལ་ཤུགས་སྣོན་འདོད་ཡོད་ཅེས་བསྟན།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།