ཀྲའོ་ལི་ཅི་ཡིས་སོ་སོར་ཁུ་པའི་ཙུང་ལི་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལིར་མཇལ་འཕྲད་གནང་།
2023.11.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས6ཉིན་པེ་ཅིང་དུ་སོ་སོར་ཁུ་པའི་ཙུང་ལི་མ་ལེ་ལཱོ་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས6ཉིན་པེ་ཅིང་དུ་ཁུ་པའི་ཙུང་ལི་མ་ལེ་ལཱོ་ལ་མཇལ་འཕྲད་གནང་།

མ་ལེ་ལཱོ་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཁུ་པའི་འབྲེལ་བ་ནི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ལྷག་བསམ་རྣམ་དག་ངང་རོགས་རེས་བྱེད་པའི་དཔེ་མཚོན་ཡིན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་གཉིས་ཀྱི་ཡུན་རིང་མཛའ་མཐུན་གྱི་བྱེད་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེར་འགྱུར་ལྡོག་འབྱུང་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་བསྟན་པའི་ཁ་ཕྱོགས་བརྒྱུད་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་སྤུས་ཚད་མཐོན་པོས་མཉམ་དུ་རྒྱུད་གཅིག་ལམ་གཅིག་བསྐྲུན་ནས་དེང་རབས་ཅན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་རྒྱུ་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཁུ་པའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་རིམ་པ་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་བྱེད་པ་དང་། ཀྲུང་གོ་དང་ཁུ་པའི་མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

མ་ལེ་ལཱོ་ཡིས་བསྟན་དོན། ཁུ་པ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་དང་། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བརྟན་པོ་ཞུ་བ། ཀྲུང་གོའི་ཉམས་མྱོང་བཟང་བོ་དཔྱད་གཞིར་འཛིན་པ། རྒྱལ་སྲིད་སྐྱོང་ལུགས་ཀྱི་བརྗེ་རེས་ལ་ཤུགས་སྣོན་པ། བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་ཁུ་པ་དང་ཀྲུང་གོའི་དམིགས་བསལ་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་བརྟན་དང་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས6ཉིན་པེ་ཅིང་དུ་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་ལ་མཇལ་འཕྲད་གནང་།

ཨར་པ་ཉི་སི་ལ་ཐུག་འཕྲད་བྱེད་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་ཨོ་རྒྱལ་ཁབ་གཉིས་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཡིན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད། ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། གཉིས་ཕན་མཉམ་ལས་ལ་དམིགས་པ། དམངས་འདོད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བཅས་བྱས་ནས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨོ་སི་ཁྲུ་ལི་ཡའི་གྲོས་ཚོགས་དང་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ལ་དམིགས་ནས་ཉམས་མྱོང་བརྗེ་རེས་བྱས་ཏེ་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་རུལ་སུངས་ལ་ངོ་རྒོལ་དང་ཁྲིམས་འཛིན་མཉམ་ལས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་འགྲོ་འོང་ཐད་སྟོབས་ཤུགས་ཆེན་པོ་འབུལ་འདོད་ཡོད་ཅེས་གསུངས།

ཨར་པ་ཉི་སི་ཡིས་བསྟན་དོན། ད་ལོ་ནི་ཙུང་ལི་ཧུའེ་ཐི་ལ་མུའུ་ཡིས་ཀྲུང་གོར་འཚམས་འདྲི་བྱས་ནས་ལོ50འཁོར་བའི་ལོ་ཡིན། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་བཅས་མཐའ་འཁྱོངས་བྱས་ཏེ་འབྲེལ་གཏུག་གླེང་མོལ་དང་མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ནས་ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཐའེ་ཉིང་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།