ཟླ11པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”ཚན་རྩལ་བརྗེ་རེས་ཚོགས་ཆེན་སྐབས་དང་པོར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་རྒྱལ་ཁའི་ངང་བསྡུས་པ་དེས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་རུ་སླེབས་པར་བྱས། ཚན་རྩལ་མཉམ་ལས་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་མཉམ་ལས་དང་སྒོ་འབྱེད་དཀྱེལ་ཡངས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་བྱེད་པ། གཉིས་ཕན་གཉིས་རྒྱལ་བཅས་ལྟེ་བར་བྱེད་པའི་དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། “རྒྱུད་གཅིག་ལམ་གཅིག”ཚན་རྩལ་གསར་གཏོད་འགུལ་སྐྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སོ་སོ་དང་མཉམ་དུ་གསར་གཏོད་འཕེལ་རྒྱས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ། གསར་གཏོད་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་འཕེལ་བར་བྱེད་པ། གསར་གཏོད་རོགས་རེས་འབྲེལ་བར་ཤུགས་སྣོན་པ། གསར་གཏོད་གྲུབ་འབྲས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་ཕན་འདོགས་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།
“རྒྱུད་གཅིག་ལམ་གཅིག”ཚན་རྩལ་བརྗེ་རེས་ཚོགས་ཆེན་སྐབས་དང་པོའི་བརྗོད་དོན་ནི། “གསར་གཏོད་ཀྱི་ལམ་བུ་མཉམ་དུ་བསྐྲུན་ནས་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་པ་དང་། ཚན་རྩལ་པུའུ་དང་ཀྲུང་གོ་ཚན་རིག་གླིང་། ཀྲུང་གོ་བཟོ་སྐྲུན་གླིང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས། ཁྲུང་ཆིན་གྲོང་ཁྱེར་མི་དམངས་སྲིད་གཞུང་། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱབ་སྐྱོར་བྱས་ཏེ། ཟླ11པའི་ཚེས6ཉིན་ཁྲུང་ཆིན་གྲོང་ཁྱེར་དུ་འཚོགས་མགོ་བརྩམས།
བན་དེ་སྐྱབས་ཀྱིས་བསྒྱུར།