ཟླ11པའི་ཚེས6ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། རྒྱལ་ཡོངས་ཀྱི“ཧྥུན་ཆའོ་རྣམ་པའི་བྱ་བ་སྒྲུབ་སྟངས”ཁྲོད་བདམས་ཐོན་བྱུང་བའི་ལས་ཁུངས་ཀྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། ཁོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པར་མ་ཟད། སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཏེ། ཁོ་ཚོས་ཡང་འབད་བསྐྱར་འབད་སྒོས་དུས་རབས་གསར་བའི“ཧྥུན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་གོང་སྤེལ་བྱས་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་སྐུལ་མ་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་མཇལ་འཕྲད་ལ་ཞུགས།
སྔ་དྲོའི་ཆུ་ཚོད10དང་སྐར་མ30སྟེང་དུ། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མར་ཕེབས་པ་ན། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་ཚོར་ཕྱག་གཡུག་གནང་ནས་གུས་འདུད་ཞུས་པ་དང་། ཚང་མ་དང་ལྷན་དུ་བྱམས་བརྩེའི་ངང་གླེང་མོལ་མཛད་པར་མ་ཟད། དྲན་རྟེན་མཉམ་པར་བསྐྱོན།
ཁྲིན་ཝུན་ཆིན་དང་ཝང་ཞའོ་ཧུང་། ཝུའུ་ཀྲིན་ལུང་། ཀྲང་ཅུན། དབྱིན་ཡུང་བཅས་མཇལ་འཕྲད་ལ་ཞུགས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བའི“ཧྥུན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་གོང་སྤེལ་བྱེད་པའི་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། ས་གནས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མང་ཚོགས་ལ་དམ་པོར་བརྟེན་ནས་འཚོལ་ཞིབ་དང་གསར་གཏོད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་ཆེད་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་འབད་པས་བསྐྲུན་ཡོད། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས། “ཧྥུན་ཆའོ་རྣམ་པའི་བྱ་བ་སྒྲུབ་སྟངས”ཀྱི་ལས་ཁུངས104བདམས།
བན་དེ་སྐྱབས་ཀྱིས་བསྒྱུར།