ཞི་ཅིན་ཕིང་གིས་ཁུ་པའི་ཙུང་ལི་ལ་མཇལ་འཕྲད་གནང་།
2023.11.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ11པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཁུ་པའི་ཙུང་ལི་མཱ་ལེ་ལཱོ་ལ་མཇལ་འཕྲད་གནང་།

ཟླ11པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཁུ་པའི་ཙུང་ལི་མཱ་ལེ་ལཱོ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁུ་པ་ནི་གྲོགས་པོ་བཟང་བོ་དང་བློ་མཐུན་བཟང་བོ། ཕུ་ནུ་བཟང་བོ་བཅས་ཡིན། ཀྲུང་གོ་དང་ཁུ་པའི་སྐབས་རིམ་བྱུང་གི་མགོ་ཁྲིད་པའི་སྣེ་ཁྲིད་དང་སྐྱེད་སྲིང་འོག་ཏུ། རྒྱལ་ཁབ་གཉིས་ཀས་རང་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་སྟེང་། མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་པ་དང་། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ལ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་གཞོགས་འདེགས་དམ་ཟབ་བྱས་པ་བཅས་ཀྱི་དབང་གིས། ཕན་ཚུན་བར་སྲ་ཞིང་བརྟན་པའི་ཁ་དན་ཚིག་གནས་ཀྱི་འབྲེལ་བ་ཞིག་ངང་གིས་གྲུབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཁྱོན་ཡོངས་ཀྱི་ཟུར་ཚད་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀའི་དམིགས་བསལ་མཛའ་མཐུན་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་དེ་སྔར་ལས་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་གཉིས་ཀའི་ཡུན་རིང་མཛའ་མཐུན་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཁུ་པ་ཕྱོགས་དང་མཉམ་དུ། ཆབ་སྲིད་ཀྱི་ངོས་ནས་ཕན་ཚུན་ཡིད་ཆེས་བྱེད་པ་དང་འཐབ་ཇུས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཏང་སྐྱོང་རྒྱལ་སྐྱོང་གི་གཞུང་ལུགས་བགྲོ་གླེང་དང་ཉམས་མྱོང་བརྗེ་རེས་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་མི་དམངས་ཀྱིས་ཕྱི་ཕྱོགས་ཀྱི་ཐེ་གཏོགས་དང་བཀག་སྡོམ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། རང་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལ་རྒྱར་སྲུང་སྐྱོབ་བྱེད་པའི་ཐད་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་ངས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་སྟེང་དུ། སྤུས་ཚད་མཐོ་བའི་ངང་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་འགུལ་སྐྱོད་བརྒྱད་དངོས་སུ་ཁྱབ་བསྒྲགས་བྱས་པ་ཡིན། ཁུ་པ་ཕྱོགས་ཀྱིས་དེར་ཧུར་ཐག་གིས་འབྲེལ་མཐུད་བྱེད་པ་དང་ལྷག་པར་དུ། ཞིང་ལས་དང་ཡུལ་སྐོར། འཕྲོད་བསྟེན། ཚན་རྩལ། ཆ་འཕྲིན་འཕྲིན་གཏོང་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས། རྒྱལ་ཁབ་གཉིས་ཀའི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས། ཁུ་པ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སོགས་སྟེགས་བུ་གལ་ཆེན་མུ་མཐུད་བེད་སྤྱོད་ཡག་པོ་བྱས་ནས། ཁྱད་ལྡན་ཐོན་རྫས་སྔར་ལས་མང་བོ་ཀྲུང་གོའི་ཁྲོམ་རར་འདོན་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ད་ལོའི་ཟླ9པར། ཁུ་པས“རྒྱལ་ཁབ77གྱི་སྡེ་ཚོགས་དང་ཀྲུང་གོ”ཞེས་པའི་རྩེ་ཚོགས་རྒྱལ་ཁའི་ངང་བསྡུས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་མུ་མཐུད་ལག་གདང་སྦྲེལ་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

མཱ་ལེ་ལཱོ་ཡིས་ཁུ་པ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུག་མཉམ་ལས་གཏིང་ཟབ་བྱེད་པ། བཙན་དབང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བཅས་བྱེད་འདོད་ཡོད་ཅེས་བསྟན།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།