རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས《དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞིའི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་འགྲེམ་སྤེལ་བྱས།
2023.11.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས10ཉིན《དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞིའི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་འགྲེམ་སྤེལ་བྱས།

རྒྱབ་ཤ་དཀར་པོའི་དཔེ་དེབ་དེ་སྔོན་འགྲོའི་གཏམ་དང་མཇུག་བསྡུ་བའི་གཏམ་ལས་གཞན་ཁག་དྲུག་ཏུ་དགར་ཡོད་དེ། སོ་སོར་འཕེལ་རྒྱས་གསར་བའི་འདུ་ཤེས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་ཡིན་པ། མི་རིགས་ཆོས་ལུགས་བྱ་བར་སྐུལ་འདེད་ཏན་ཏིག་བཏང་བ། སྤྱི་ཚོགས་ཁྱོན་ཡོངས་བསྟུད་མར་བརྟན་འཇགས་དང་ཇེ་བཟང་ཡིན་པ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་རགས་ཉིན་རེ་བཞིན་བརྟན་པོ་ཡིན་པ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་པ་བཅས་རེད།

རྒྱབ་ཤ་དཀར་པོའི་དཔེ་དེབ་ལས། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་བྱེད་པ་དང་བོད་ལྗོངས་ཀྱི་བྱ་བའི་དོན་དངོས་ལ་རྐང་བཙུགས་ནས་བོད་ལྗོངས་བྱ་བའི་ནང་གནས་ཆོས་ཉིད་ཟབ་མོར་བསྟན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཕྱོགས་རང་བཞིན་དང་ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་གྱི་གནད་དོན་རབ་དང་རིམ་པར་ལན་བཏབ་ཡོད་ཅིང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་ནས་བོད་སྐྱོང་བོད་བརྟན་བོད་དར་གྱི་ཉམས་མྱོང་བཟང་པོ་སྤྱི་སྡོམ་ཉིང་སྡུད་བྱས་པ་དང་གསར་གཏོད་གོང་སྤེལ་བྱས་པ་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བོད་ལྗོངས་ཀྱི་བྱ་བའི་སྐོར་གཅིག་བསྡུས་སྒོས་མངོན་མཚོན་བྱས་པ་ཡིན་པར་མ་ཟད། བོད་ལྗོངས་ཀྱི་བྱ་བ་ལེགས་པོ་བསྒྲུབ་པའི་ཐད་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད་ཅེས་བསྟན་ཡོད།

རྒྱབ་ཤ་དཀར་པོའི་དཔེ་དེབ་ལས། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞིའི་སྣེ་ཁྲིད་འོག་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པས་བྱ་བ་སོ་སོར་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་བ་དང་། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། བོད་ལྗོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱུན་མཐུད་བརྟན་འཇགས་ཡིན་པ་དང་། དཔལ་འབྱོར་འཛུགས་སྐྲུན་ཁྱོན་ཡོངས་ནས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་ལ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བྱུང་ཞིང་། མི་རིགས་འཆམ་མཐུན་དང་ཆོས་ལུགས་ཞི་མཐུན་ཡིན་ལ། རིག་གནས་བྱ་གཞག་དར་རྒྱས་ཡར་ཐོན་བྱུང་བ་དང་། སྐྱེ་ཁམས་བདེ་འཇགས་སྲུང་རགས་ཉིན་རེ་བཞིན་ཇེ་བརྟན་ཡིན་ཞིང་། མཐའ་མཚམས་སྲ་བརྟན་དང་བདེ་འཇགས་ཡིན་ལ། ཏང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཡར་ལངས་པ་ནས་འབྱོར་ཕྱུག་ཏུ་གྱུར་པ་དང་། དེ་ནས་སྟོབས་ལྡན་དུ་གྱུར་པའི་རླབས་ཆེན་མཆོང་སྐྱོད་བསུས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བར་སྐྱོད་བཞིན་ཡོད་ཆེས་བསྟན་ཡོད།

རྒྱབ་ཤ་དཀར་པོའི་དཔེ་དེབ་ལས། ལག་ལེན་ལས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞི་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ཏེ། འཕེལ་རྒྱས་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་སྩོལ་བ་དང་། ཡོད་ཚད་ལ་གཅིག་གྱུར་སྲུང་སྐྱོབ་དང་ཁ་ཕྲལ་ངོ་རྒོལ་གྱི་དོན་སྙིང་སྩོལ་བ། ཡོད་ཚད་ལ་དམངས་ཚིས་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་སྩོལ་བ་བཅས་རྒྱུན་འཁྱོངས་བྱས་ཤིང་། ཡོད་ཚད་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་མཐོར་འདེགས་བྱེད་པར་ཕན་ཐོགས་ཡོད་པར་བྱས་ཏེ། གཏན་འཇགས་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་བཟང་བོ་བྱས་ན་ད་གཟོད་བོད་ལྗོངས་ཀྱི་ཡུན་སྐྱོང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁག་ཐེག་བྱེད་ཐུབ་པ་བདེན་དཔང་གང་ལེགས་བྱས་ཡོད་ཅེས་ནན་གྱིས་བསྟན་ཡོད།

ཤ་བོ་གསེར་མཚོས་བསྒྱུར།