ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཧྥེ་ཁྲིན་མཉམ་སྒྲོག་རོལ་དབྱངས་ཚོགས་པའི་སྤྱི་འདོམས་པ་དང་དབུ་བཞུགས་ལག་བསྟར་དཔོན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་མཱ་སི་དབྱི་ལ་འཕྲིན་ལན་བསྐུར།
2023.11.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཧྥེ་ཁྲིན་མཉམ་སྒྲོག་རོལ་དབྱངས་ཚོགས་པའི་སྤྱི་འདོམས་པ་དང་དབུ་བཞུགས་ལག་བསྟར་དཔོན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་མཱ་སི་དབྱི་ལ་འཕྲིན་ལན་བསྐུར།

ཞི་ཅིན་ཕིང་གིས་ཧྥེ་ཁྲིན་མཉམ་སྒྲོག་རོལ་ཚོགས་ཀྱིས་ཟླ11པའི་ཚེས13ཉིན་དངོས་སུ་ཀྲུང་གོར་ཡོང་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་འཁྲབ་སྟོན་བརྗེ་རེས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། 1973ལོར་ཀྲུང་གོར་འཚམས་འདྲི་ཐོག་མ་བྱས་པར་རྗེས་དྲན་ཞུས་ནས། ཀྲུང་གོའི་མི་དམངས་བར་དུས་རབས་ཕྱེད་ཀ་ལྷག་བརྒལ་བའི་རོལ་དབྱངས་མཛའ་མཐུན་འབྲེལ་བ་མུ་མཐུད་འབྲི་འདང་ཡོད་པའི་གནས་ཚུལ་ཤེས་རྗེས་ང་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་། ལོ་ངོ50ཡི་སྔོན་ལ། ཧྥེ་ཁྲིན་རོལ་དབྱངས་ཚོགས་པས་ཀྲུང་གོ་རུ། ཀྲུང་གོ་དང་ཨ་མེ་རི་ཁའི་རིག་གནས་བརྗེ་རེས་ཀྱི“སྔོན་མེད་ཡུལ་སྐོར”བྱེད་སྒོ་དངོས་སུ་སྤེལ་བ་དེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བའི་གོ་རིམ་ཁྲོད་དོན་སྙིང་གལ་ཆེན་ཟིན་ཡོད། ལོ་ངོ50ཡི་རིང་ལ། ཧྥེ་ཁྲིན་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཨ་མེ་རི་ཁའི་རྒྱལ་ཁབ་གཉིས་བར་དུ། “རིག་གནས་ཕོ་ཉའི”་ངོས་ནས་སྔ་རྗེས་སུ་ཀྲུང་གོར་འཚམས་འདྲི་ཐེངས12བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། ལོ་ངོ50རྗེས་ཀྱི་དེ་རིང་། ཧྥེ་ཁྲིན་མཉམ་སྒྲོག་རོལ་དབྱངས་ཚོགས་པ་དང་ཀྲུང་གོའི་མཉམ་སྒྲོག་རོལ་མོའི་ཚོགས་པ། དེ་བཞིན་རྒྱལ་ཁབ་མང་པོའི་གླུ་བ་བཅས་ཀྱིས་མཉམ་དུ་ཀྲུང་གོར་འཁྲབ་སྟོན་བྱ་རྒྱུའི་དོན་དེ་ནི། ལོ་རྒྱུས་ཀྱི་དེབ་ཐེར་ཁྲོད་བཀོད་ཆོག་པའི་གཏམ་བཟང་ཞིག་རེད་ཅེས་གསུངས།

ཞི་ཅིན་ཕིང་གིས་རོལ་དབྱངས་ལ་རྒྱལ་མཚམས་མེད་ཅིང་རིག་གནས་ཀྱིས་འབྲེལ་ཟམ་འཛུགས་ཐུབ། ཧྥེ་ཁྲིན་མཉམ་སྒྲོག་རོལ་དབྱངས་ཚོགས་པ་དང་ཀྲུང་གོ་དང་ཨ་མེ་རི་ཁ་དང་བཅས་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་སྒྱུ་རྩལ་པ་རྣམས་ཀྱིས་ཤེས་རིག་འདྲ་མཉམ་དང་ཕན་ཚུན་དཔྱད་གཞིར་འཛིན་པ། ཕན་ཚུན་བར་གྲོས་མོལ་བྱེད་པ། དཀྱེལ་ཡངས་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བརྗེ་རེས་མཉམ་ལས་དམ་ཟབ་དང་སྒྱུ་རྩལ་དར་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་མི་གཞུང་རིག་གནས་བརྗེ་རེས་དང་། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མཛའ་མཐུན་ཇེ་བརྟན་དུ་གཏོང་ཆེད། ལེའུ་གསར་བ་མུ་མཐུད་རྩོམ་རྒྱུའི་རེ་ལྟོས་ཡོད་ཅེས་ནན་གྱིས་གསུངས།

ཧྥེ་ཁྲིན་མཉམ་སྒྲོག་རོལ་ཚོགས་ཀྱིས1973ལོའི་ཟླ9པའི་ནང་དུ།  ཀྲུང་གོར་འཚམས་འདྲི་ཐོག་མ་བྱས་པ་དང་། རོལ་ཚོགས་འདི་ཉིད་ནི་ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཀྲུང་གོར་འཚམས་འདྲི་བྱེད་མཁན་གྱི་ཨ་མེ་རི་ཁའི་རོལ་ཚོགས་ཐོག་མ་རུ་གྱུར། ཉེ་ལམ། ཧྥེ་ཁྲིན་མཉམ་སྒྲོག་རོལ་ཚོགས་ཀྱི་སྤྱི་འདོམས་པ་དང་དབུ་བཞུགས་ལག་བསྟར་དཔོན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་མཱ་སི་དབྱི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ཚོགས་པ་དེ་དང་ཀྲུང་གོའི་བར་གྱི་འགྲོ་འོང་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཏེ། ད་ལོའི་ཟླ11པའི་ནང་དུ། ཀྲུང་གོར་ཡོང་ནས་རོལ་ཚོགས་དེས་ཀྲུང་གོར་འཚམས་འདྲི་བྱས་ཏེ་ལོ་ངོ50འཁོར་བར་རྗེས་དྲན་ཞུ་བའི་འཁྲབ་སྟོན་བརྗེ་རེས་བྱེད་སྒོ་སྤེལ་རྒྱུ་ཡིན་པའི་གནས་ཚུལ་ངོ་སྤྲོད་བྱས་ནས། རོལ་དབྱངས་ཀྱི་ཐབས་ལམ་འདི་སྤྱད་དེ། རྒྱལ་ཁབ་གཉིས་ཀའི་མི་དམངས་དང་རྒྱལ་ཁབ་གཉིས་ཀའི་རིག་གནས་བར་མུ་མཐུད་འབྲེལ་ཟམ་འཛུགས་རྒྱུའི་འདོད་བློ་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།