ཧན་ཀྲིན་གྱིས་པེན་ཁྲིན་མངའ་སྡེ་ཡི་དབུ་བཞུགས་པུའུ་ཀྲང་ཚའོ་ཀོན་ཡིའུ་ལ་མཇལ་འཕྲད་གནང་།
2023.11.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ11པའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་མ་ལེ་ཞི་ཡའི་པེན་ཁྲིན་མངའ་སྡེ་རུ། པེན་ཁྲིན་མངའ་སྡེ་ཡི་དབུ་བཞུགས་པུའུ་ཀྲང་ཚའོ་ཀོན་ཡིའུ་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་པེན་ཁྲིན་མངའ་སྡེ་ནི་མཱ་ལིའུ་ཅ་མཚོ་འགག་གི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་དང་མ་ལེ་ཞི་ཡའི་འགྲོ་འོང་ལོ་རྒྱུས་སྟེང་ནས་བཤད་ན་དེར་དམིགས་བསལ་དོན་སྙིང་ལྡན་ཞིང་། དེས་རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་བརྩེ་སེམས་གང་ལེགས་སྒོས་མཚོན་ཡོད། མིག་སྔར་འཛམ་གླིང་གི་ཐོན་ལས་རྣམ་པར་ལེགས་སྒྲིག་གཏིང་ཟབ་འབྱུང་བཞིན་ཡོད་པས། ཀྲུང་གོ་དང་མ་ལེ་ཞི་ཡའི་མཉམ་ལས་ལ་གོ་སྐབས་གསར་བ་ཐོབ་རྒྱུ་རེད། པེན་ཁྲིན་མངའ་སྡེ་ཡིས་ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་བར་གྱི་བརྗེ་རེས་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་པ་དང་། སྤུས་ཚད་མཐོ་བའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། ཚན་རྩལ་དང་ཞིང་ལས། ཡུལ་སྐོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། ས་གནས་ཀྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱེད་པ། ལེགས་ཆ་གསབ་རེས་བྱས་ནས། ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་འབྲེལ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་བྱས་རྗེས་སྔར་ལས་མང་པོ་འཇོག་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།

ཚའོ་ཀོན་ཡིའུ་ཡིས་པེན་ཁྲིན་མངའ་སྡེ་ནི་མ་ལེ་ཞི་ཡའི་གསོན་ཤུགས་ཀྱིས་ཁེངས་པའི་དཔལ་འབྱོར་གྱི་སྒུལ་ཤུགས་གཙོ་བོ་ཞིག་ཡིན། ཀྲུང་གོའི་ཁེ་ལས་སྔར་ལས་གང་མང་དངུལ་གཏོང་ལས་སྐྲུན་བྱེད་པར་ཡོང་ནས། པེན་ཁྲིན་མངའ་སྡེ་ཡི་དམིགས་བསལ་ས་བབ་ཀྱི་ལེགས་ཆ་སྤྱད་དེ། ཨེ་ཤ་ཡ་ཤར་ལྷོ་དང་ཐ་ན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་ནུས་པ་ཆེན་པོ་འདོན་པར་དགའ་བསུ་ཞུ་རྒྱུ་ཡིན། པེན་ཁྲིན་མངའ་སྡེ་ཡིས་རྒྱལ་ཁབ་གཉིས་ཀའི་ས་གནས་ཀྱི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གསར་བ་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་གང་ལེགས་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།