ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་དངུལ་ཁང་དང་ཞིང་ཆེན་གྲོང་གསེབ་ཡིད་རྟོན་མཉམ་འབྲེལ་དངུལ་ཁང་དུ་རྟོག་ཞིབ་བྱས།
2023.11.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ11པའི་ཚེས10ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་དངུལ་ཁང་དང་ཞིང་ཆེན་གྲོང་གསེབ་ཡིད་རྟོན་མཉམ་འབྲེལ་དངུལ་ཁང་དུ། དངུལ་རྩའི་སྒྱུར་བཅོས་འཕེལ་རྒྱས་ལས་དོན་ལ་རྟོག་ཞིབ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩའི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་དབྱང་གི་དངུལ་རྩའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གིས་དངུལ་རྩའི་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། དངུལ་རྩའི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། ཉེན་ཁ་འགོག་སེལ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་སྤུས་ཚད་མཐོ་བའི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་མཚོ་སྔོན་དངུལ་ཁང་ཧའེ་ཧུའུ་ཁུལ་གསར་ཡན་ལག་དངུལ་ཁང་དུ་སོང་ནས། ཡུལ་དངོས་ནས་རིག་ནུས་དངུལ་ཁང་གི་ཞབས་ཞུའི་རྣམ་པ་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་ཞིབ་ལྟ་བྱས་རྗེས་བསྟན་དོན། མཚོ་སྔོན་གྱི་གནས་ཚུལ་དངོས་ནས་རྐང་ཚུགས་པར་བྱས་ཏེ། ཁྱད་ཆོས་ཅན་གྱི་གཉེར་སྐྱོང་དངོས་སུ་སྤེལ་ནས། དྲ་འབྲེལ་དང་གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་སོགས་ཀྱི་ཚན་རྩལ་བྱེད་ཐབས་སྤྱད་དེ། འདུ་ཤེས་དང་ལམ་སྲོལ་གསར་གཏོད། ཐོན་རྫས་གསར་གཏོད་བཅས་ཟམ་མི་ཆད་པར་བྱས་ནས། གཞི་གྲངས་སྲིད་དོན་དང་རིག་ནུས་སྲིད་དོན་དེ་གཞི་གྲངས་དངུལ་རྩ་བཅས་ཟུང་འབྲེལ་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་བའི་ས་གནས་ཀྱི་དངུལ་རྩ་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་གང་ལེགས་བྱས་ནས། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་གྲོང་གསེབ་ཡིད་རྟོན་མཉམ་འབྲེལ་དངུལ་ཁང་དང་ཟི་ལིང་གྲོང་གསེབ་ཚོང་ལས་དངུལ་ཁང་ལས་གཉེར་པུའུ་རུ། གྲོང་གསེབ་ཡིད་རྟོན་མ་ལག་གཉེར་སྐྱོང་དོ་དམ་གནས་ཚུལ་ངོ་སྤྲོད་ལ་ནན་ཏན་ངང་ཉན་ནས། ཀུན་ཕན་དངུལ་རྩ་དང་དངུལ་རྩའི་ཞབས་ཞུ། སྲིད་དོན་ཞབས་ཞུ་བཅས་གཞི་གཅིག་ཅན་དུ་སྒྱུར་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས་བསྟན་དོན། ལས་འགན་གཙོ་བོ་བརྟན་སྲུང་དང་“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པ།“རྨང་གཉིས་མཉམ་འགུལ”གྱི་རྣམ་པ་སྔར་ལས་གཏིང་ཟབ་ཏུ་གཏོང་བ། ཞབས་ཞུའི་ཕན་ནུས་དང་བདེ་འཇགས་དོ་དམ་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་དངུལ་རྩའི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས།

ཝུའུ་ཞའོ་ཅུན་གྱིས་དེའི་རྗེས་སུ་འཚོགས་པའི་བཞུགས་མོལ་ཚོགས་འདུའི་སྟེང་དུ། མཚོ་སྔོན་དངུལ་ཁང་དང་ཞིང་ཆེན་གྲོང་གསེབ་ཡིད་རྟོན་མཉམ་འབྲེལ་དངུལ་ཁང་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་ཐད་ཐོན་པའི་ཕན་ནུས་ལ་ཁས་ལེན་གང་ལེགས་བྱས།  ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་དངུལ་ཁང་དང་ཞིང་ཆེན་གྲོང་གསེབ་ཡིད་རྟོན་མཉམ་འབྲེལ་དངུལ་ཁང་གིས། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི“ལག་བསྟར་པ”ཡག་པོ་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ངེས་གནས་གཏན་འཁེལ་དང་རྩ་བ་བརྟན་སྲུང་བྱ་རྒྱུར་སྔར་ལས་མཐོང་ཆེན་དང་། ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་གསར་འབྱེད་གསར་གཏོད་ལ་སྔར་ལས་མཐོང་ཆེན་བྱས་ཏེ། དོ་དམ་ལ་ཤུགས་སྣོན་དང་ལས་ཆོད་ཇེ་མཐོར་གཏོང་བར་སྔར་ལས་མཐོང་ཆེན་བྱེད་པ། འཕེལ་རྒྱས་འཆར་འགོད་དང་མ་རྩའི་གཞི་ཁྱོན། ཡིད་རྟོན་དངུལ་བུན་གཏོང་འཇོག་བཅས་ཀྱི་ཐད་སྔར་ལས་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་བཀོད་སྒྲིག་དང་ཚུལ་སྒྱུར་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“སྐུལ་འདེད་གཏོང་མཁན”ཡག་པོ་ཞིག་བྱས་ནས། ཚན་རྩལ་དངུལ་རྩ་དང་ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོ་དངུལ་རྩ། གཞི་གྲངས་དངུལ་རྩ་བཅས་ཀྱི་ལས་དོན་ཆེན་པོ་ལྔ་ཡག་པོར་བསྒྲུབ་རྒྱུར་དམ་པོར་དམིགས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་རྒྱུར་ཤུགས་སྣོན་པ་དང་། ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ལས་རྣམ་གསར་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དངུལ་རྩའི་ཞབས་ཞུའི་དངོས་ཕུང་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཇེ་མཐོར་གཏོང་བ་བཅས་བྱེད་དགོས། དེ་མིན་ད་དུང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི“སྲུང་སྐྱོབ་པ”ཡག་པོ་བྱས་ནས། དབང་ཆ་དང་འགན་འཁྲིའི་བར་གྱི་འབྲེལ་བར་སྟངས་འཛིན་ཡག་པོ་བྱེད་པ་དང་། མགྱོགས་མོ་དང་བརྟན་པོ་ཡོང་བའི་འབྲེལ་བར་སྟངས་འཛིན་ཡག་པོ་བྱེད་པ། རང་འགུལ་ངང་དངུལ་རྩའི་ཉེན་ཁ་འགོག་སེལ་བྱེད་རྒྱུ་དེ་འགངས་ཆེན་དུ་བརྩིས་ཏེ་རང་བདག་འགན་འཁྲི་ཏན་ཏིག་ངང་སྒྲུབ་པ་དང་། ཉེན་ཁར་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་ཡག་པོ་བྱེད་པ། འབྱུང་རྩ་ནས་ཉེན་ཁ་སེལ་རྒྱུར་མཐོང་ཆེན་བྱེད་པ། སྔ་མོ་ནས་ཉེན་ཁར་དབྱེ་འབྱེད་དང་སྔ་མོ་ནས་ཉེན་བརྡ་གཏོང་བ། སྔ་མོ་ནས་སྐྱོན་ཆ་ཕྱིར་འབུད་དུ་འཇུག་པ། སྔ་མོ་ནས་གནད་དོན་ཐག་གཅོད་བཅས་བྱས་ནས། མ་ལག་ཅན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པར་བྱེད་པའི་ཚད་མཐའ་བརྟན་པོར་སྲུང་དགོས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བདེན་འཛིན་དངོས་གཉེར་གྱི་བྱེད་ཐབས་སྤྱད་དེ། ས་གནས་ཀྱི་དངུལ་རྩའི་སྒྲིག་གཞི་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱས་ནས། དངུལ་རྩ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཕན་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས།

ལིའུ་ཁྲའོ་རྟོག་ཞིབ་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།