སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དང་ཧི་པེ་རུ་གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་ལས་དོན་ལ་རྟོག་ཞིབ་གནང་སྐབས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་དང་འབྲེལ་ཡོད་ཕྱོགས་ཁག་སོ་སོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་རྒྱུ་དང་། འབད་འབུངས་ལྷུར་ལེན་གྱིས་གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་དམ་འཛིན་ཡག་པོ་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བདེ་སྡོད་ལས་བརྩོན་དང་དྲོད་སྐྱིད་ལྡན་པའི་ངང་དགུན་སྐྱེལ་ཐུབ་པར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་གསུངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་མངགས་བཅོལ་ཟབ་མོ་ལས། གནོད་འཚེ་ཐེབས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་དྲོ་སྐྱིད་དང་སྐུལ་ལྕག་གནང་། ཚང་མས་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་སྔར་ལས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས་ཞེས་བཤད།
བན་དེ་སྐྱབས་ཀྱིས་བསྒྱུར།