མཚོ་སྔོན་གྱིས་རྨ་ཆུའི་ཆེད་སྤྱོད་ཞིང་ཆེན་རིམ་པའི་མ་དངུལ་དོ་དམ་བྱེད་ཐབས་བཏོན།
2023.11.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱེད་པ་དང་། ཕྱོགས་ཡོངས་ནས་རྨ་ཆུའི་རྒྱལ་ཁབ་འཐབ་ཇུས་གལ་ཆེན་ཁྲོད་དུ་མཉམ་འདྲེས་བྱེད་པ་དང་དེར་ཞབས་འདེགས་བཟང་བོ་ཞུ་བ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་ནན་མོ་བྱེད་པར་སྐུལ་འདེད་གཏོང་ཆེད། ཉེ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ནོར་སྲིད་ཐིན་གྱིས་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་འཛུགས་སྐྲུན་ཏེ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་དངུལ་གཏོང་བྱས་པའི་ཞིང་ཆེན་རིམ་པའི་མ་དངུལ་གྱི་དོ་དམ་བྱེད་ཐབས་ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

མཚོ་སྔོན་ནི་རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་ནང་ཐོག་དང་པོར་རྨ་ཆུའི་ཆེད་སྤྱོད་ཞིང་ཆེན་རིམ་པའི་མ་དངུལ་དོ་དམ་བྱེད་ཐབས་བཏོན་པའི་ཞིང་ཆེན་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་རིམ་པའི་མ་དངུལ་དོ་དམ་བྱེད་ཐབས་ལ་བསྡོམས་པས་ལེའུ་ལྔ་དང་དོན་ཚན་ཉེར་དྲུག་ཡོད་ཅིང་། རིམ་པ་སོ་སོའི་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་སྡེ་ཁག དེ་མིན་ལས་གཞིའི་ལག་བསྟར་ལས་ཁུངས་བཅས་ཀྱི་མ་དངུལ་བེད་སྤྱོད་དང་དོ་དམ། བགོ་བཤའ། ལྟ་རྟོག ཞིབ་བཤེར་སོགས་ཐད་ཀྱི་ཁེ་དབང་དང་འགན་འཁྲི་གཏན་འཁེལ་གསལ་བོ་བྱས་ཡོད།

ཞིང་ཆེན་རིམ་པའི་མ་དངུལ་དོ་དམ་བྱེད་ཐབས་བཏོན་པ་ལས་དུས་ལྟར་ས་གནས་ཀྱི་རེ་འདོད་དང་སེམས་ཁུར་ལ་དོ་སྣང་བྱེད་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་ལས་གཞི་སྤེལ་སའི་མ་དངུལ་རང་གསོག་ལ་གནོན་ཤུགས་ཆེ་བའི་གནད་དོན་ཐག་གཅོད་བྱས་ཏེ། རྨ་ཆུའི་ཆེད་དོན་ལས་གཞིའི་ལག་བསྟར་ཐད་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཡོད། དེའི་ཞོར་དུ་རྒྱུ་རྐྱེན་གྱི་བགོ་བཤའི་རྐྱེན་སྲོལ་བཙུགས་ནས། མ་དངུལ་ཚད་ལྡན་ཅན་དང་ཚན་རིག་ཅན་གྱི་བེད་སྤྱོད་དོ་དམ་མངོན་འགྱུར་བྱས་ཏེ། རྨ་ཆུའི་ཆེད་དོན་ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་པ་དང་རྨ་ཆུའི་མཚོ་སྔོན་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད། གོ་རིམ་རྗེས་མར་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་རྨ་ཆུའི་འགྲམ་རྒྱུད་ཀྱི་གྲོང་ཁྱེར་རམ་ཁུལ་དང་མཉམ་དུ། ནན་ཏན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རེ་བ་གཞིར་བཟུང་སྟེ། རྨ་ཆུའི་ཆེད་སྤྱོད་ཞིང་ཆེན་རིམ་པའི་མ་དངུལ་དོ་དམ་བྱེད་ཐབས་བྱེ་བྲག་ཏུ་དངོས་འབེབས་བྱེད་པ་དང་། རྒྱུན་ཆད་མེད་པར་མ་དངུལ་བེད་སྤྱོད་ཀྱི་ཕན་ནུས་མཐོར་འདེགས་བྱས་ནས། ཤུགས་ཆེན་པོས་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།