ཧན་ཀྲིན་གྱིས་མཱ་ལེ་ཞི་ཡཱ་རུ་འཚམས་འདྲི་མཛད།
2023.11.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 47

ཟླ་བཅུ་གཅིག་པའི་ཚེས9ཉིན་ནས་ཚེས11ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་གདན་ཞུས་ལྟར་མཱ་ལེ་ཞི་ཡཱ་རུ་འཚམས་འདྲི་མཛད་པ་དང་། ཅི་ལུང་ཕའོ་དང་པུའུ་ཁྲིན་ནས་སོ་སོར་མཱ་ལེ་ཞི་ཡཱའི་ཆེས་མཐོ་གཙོ་འཛིན་ཨ་པུའུ་ཏུའུ་ལཱ་དང་ཙུང་ལི་ཨན་ཝ་ཨར་གཉིས་དང་གྲོས་མོལ་མཛད།

ཨ་པུའུ་ཏུའུ་ལཱ་དང་གྲོས་མོལ་མཛད་སྐབས། ཧན་ཀྲིན་གྱིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེས་མཐོའི་གཙོ་འཛིན་ཨ་པུའུ་ཏུའུ་ལཱར་སྙིང་ཉེ་བའི་འཚམས་འདྲི་མཛད་པ་བརྒྱུད་སྒྲོག་བྱས་པ་དང་། ཀྲུང་གོ་དང་མཱ་ལེ་ཞི་ཡཱ་ནི་རྒྱ་མཚོས་ཆོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གཉིས་བར་དུས་ཡུན་རིང་བོའི་མཛའ་མཐུན་འབྲེལ་བ་ལྡན་པ་ཡིན། སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བ་དང་། ཀྲུང་གོ་ཕྱོགས་ཀྱིས་མཱ་ལེ་ཞི་ཡཱ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་མཱ་ལེ་ཞི་ཡཱའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་པ་མཛུབ་སྟོན་དུ་བྱས་ཤིང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ། ལག་རྡང་སྦྲེལ་ནས་རྒྱལ་ཁབ་རང་རང་གི་འཕེལ་རྒྱས་འཆར་འགོད་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཅེས་གསུངས།

ཨ་པུའུ་ཏུའུ་ལཱ་ཡིས་ཧན་ཀྲིན་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གྲོས་གཞིའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པར་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གོའི་དཔལ་འབྱོར་སྟོབས་ཤུགས་ལས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པར་བཀའ་དྲིན་ཞུས། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ཆུ་ཚད་མཐོར་འདེགས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་པའི་ཚུལ་བསྟན།

ཨན་ཝ་ཨར་དང་གྲོས་མོལ་མཛད་སྐབས་ཧན་ཀྲིན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་མཱ་ལེ་ཞི་ཡཱའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅུ་འགོར་བའི་ལོ་ཡིན་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ལི་ཡིས་ཀྲུང་གོ་དང་མཱ་ལེ་ཞི་ཡཱའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གལ་ཆེན་བཀོད་ཡོད་ལ། དུས་རབས་གསར་བའི་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཇུས་འགོད་གང་ལེགས་བྱས་ཡོད་པས་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། ཀྲུང་གོ་ཕྱོགས་ཀྱིས་མཱ་ལེ་ཞི་ཡཱ་ནི་བློས་ཐུབ་ཀྱི་གྲོགས་པོ་དང་འཐབ་ཇུས་གྲོགས་པོ་གལ་ཆེན་དུ་བརྩིས་ཡོད་པ་དང་། མཱ་ལེ་ཞི་ཡཱ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་གང་ལེགས་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོ་དང་ས་ཁུལ་སོ་སོའི་བརྗེ་རེས་དང་འགྲོ་འོང་ཟབ་མོར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་ཉོ་ཚོང་དང་རིག་གནས། ཡུལ་སྐོར། སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ནང་དོན་གསར་བ་དང་སྒུལ་ཤུགས་གསར་བ་སྣོན་དགོས་ཞེས་གསུངས།

ཨན་ཝ་ཨར་གྱིས་བསྟན་དོན། མཱ་ལེ་ཞི་ཡཱ་དང་ཀྲུང་གོའི་འབྲེལ་བར་དམིགས་བསལ་རང་བཞིན་དང་འཐབ་ཇུས་རང་བཞིན་ལྡན། མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ། འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་འགོ། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད། མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བའི་མ་འོངས་པར་རེ་སྒུག་བྱས་ཡོད་ལ། ཀྲུང་གོའི་ཁེ་ལས་དག་མཱ་ལེ་ཞི་ཡཱ་རུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱས་ཏེ་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

ཧན་ཀྲིན་གྱིས་ད་རུང་མཱ་ལེ་ཞི་ཡཱའི་ཙུང་ལི་གཞོན་པ་ཀྲ་ཞེ་ཏི་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས།

ཚེས10ཉིན་ཧན་ཀྲིན་པེན་ཁྲིན་མངའ་སྡེ་རུ་འཚམས་འདྲིར་སོང་སྟེ། པེན་ཁྲིན་མངའ་སྡེའི་དབུ་བཞུགས་པུའུ་ཀྲང་ཚའོ་ཀོན་ཡིའུ་ལ་ཐུག་འཕྲད་བྱས་པ་དང་། པེན་ཁྲིན་མངའ་སྡེ་དང་ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁྱད་སྟོབས་ཁ་གསབ་མངོན་འགྱུར་བྱས་ནས། ཀྲུང་གོ་དང་མཱ་ལེ་ཞི་ཡཱའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་དངོས་འབེབས་བྱེད་པར་དགའ་བསུ་ཞུས།

མཱ་ལེ་ཞི་ཡཱ་རུ་འཚམས་འདྲི་མཛད་སྐབས། ཧན་ཀྲིན་གྱིས་ཅི་ལིས་པའོ་ཐིན་མཉམ་འབྲེལ་དངུལ་གཏོང་ཀུང་ཟིའི་ཏན་རོང་མཱ་ལིན་བཟོ་གྲྭ་དང་། ཡེ་ནཱ་ལེ་མཱེ་ཁྲང་ཚད་ཡོད་ཀུང་ཟིར་རྟོག་ཞིབ་མཛད་པ་དང་། ལྟ་ཀློག་ཚགས་པར་ཁང་གི་སུང་ཀྲུང་ཧྲན་གྱི་རྗེས་དྲན་ཁང་དང་ཆའོ་ཧྲིན་རྟེན་མཛོད་ཁང་སོགས་ལ་ལྟ་སྐོར་མཛད།


བསོད་ནམས་ཚེ་རིང་གིས་བསྒྱུར།