ས་གནས་སོ་སོས་གཞི་རིམ་གྱི་ཁྱད་ཆོས་དང་བསྟུན་ནས་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་གཏིང་ཟབ་ཏུ་སྤེལ།
2023.11.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གྱི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་དངོས་སུ་སྤེལ་བ་ནས་བཟུང་། ས་གནས་སོ་སོས “ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར”བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། གནད་དོན་འབུར་ཐོན་ཅན་ལ་ཞིབ་བཤེར་དང་བཅོས་སྒྲིག་བྱས་པ་དང་། མང་ཚོགས་ཀྱི་སེམས་ཁྲལ་བྱེད་ས་དང་དཀའ་ངལ་ཆེ་བའི་རེ་ལྟོས་ལ་དམ་པོར་དམིགས་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་།

བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བའི་ཁྲོད་དུ། ཀྲེ་ཅང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་གྲོས་བསྡུར་བརྗེ་རེས་ཚོགས་འདུ་འཚོགས་རྒྱུར་སྐུལ་འདེད་བཏང་བར་མ་ཟད། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས“བརྒྱད་བརྒྱད་འཐབ་ཇུས”ལག་བསྟར་བྱས་ཏེ་ལོ་ཉི་ཤུ་ལོན་པའི་བརྗོད་དོན་འགྲེམས་སྟོན་ཡུལ་དངོས་སུ་སོང་ནས་སློབ་སྦྱོང་བྱས། ཉིང་པོ་ཅང་བྱང་ཁུལ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་རྟོག་ཞིབ་དངོས་བཅར་ཁྲོད། ཁེ་ལས་དང་གཞི་རིམ་ལས་ཁུངས་ཁག་གཅིག་གིས་རིམ་པ་མཐོ་བའི་འཇོན་མི་གདན་ཞུ་དང་ནང་འདྲེན་བྱེད་པ་སོགས་ཀྱི་ཐད་དཀའ་ངལ་ངེས་ཅན་ཡོད་པ་ཤེས་རྟོགས་བྱུང་རྗེས། ས་གནས་དེ་གས། “མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ཞབས་ཞུའི་ཆེད་མངགས་མི་སྣའི་ལམ་ལུགས”ཁྱབ་བརྡལ་དུ་བཏང་ནས། ཁེ་ལས་དང་མང་ཚོགས་ལ་སྔར་ལས་གནད་འཁེལ་དང་ཕན་འབྲས་ཆེ་བའི་ཞབས་ཞུ་མཁོ་འདོན་ཞུས།

ཀོས་ཀྲོའུ་ཡིས་སློབ་སྦྱོང་བྱེད་ཞོར་དུ་ཚད་སྡུར་བྱེད་པ་དང་ཞིབ་བཤེར་བྱེད་ཞོར་དུ་དག་ཐེར་བྱེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་བཏང་བ་དང་། ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་སྒོ་ནས་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ།  ཆིན་ཀྲེན་གྲོང་ཁྱེར་དུ། ས་གནས་དེ་གས་ཏང་ཡོན་ཚོགས་ཆེན་དང་གྲོང་མིའི་གྲོས་བསྡུར་ཚོགས་འདུར་བརྟེན་ནས། མང་ཚོགས་ཀྱི་བརྩོན་སེམས་བསྐྱེད་དེ། གྲོང་གསེབ་ཀྱི་སྡོད་ཁང་དང་ཆུ་བཅོས། གད་སྙིགས། སྤྱོད་ཁང་བཅས་ཀྱི་བཅོས་སྒྲིག་དང་སྤྱོད་ཚུལ་བཅོས་སྒྲིག་གི་ལས་དོན་གཏིང་ཟབ་ཏུ་སྤེལ་ནས། བདེ་སྡོད་ལས་སྐྲུན་དང་མཛེས་པའི་ཞིང་གྲོང་བསྐྲུན་ཡོད།

བོད་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་ནན་མོ་བྱས་ནས། ཏང་ཡོན་ལས་བྱེད་པ་གྲོང་མིའི་སྡེ་ཁུལ་དུ་བསྐྱོད་དེ། ཞན་ཆ་འཚོལ་ཞིབ་བྱས་ནས་དམངས་ཚིས་དཀའ་ཁག་སེལ་གང་ཐུབ་བྱས། ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་ཚེས་གསུམ་ཐང་སྡེ་ཁུལ་དུ། མིག་སྔར་ཁོངས་གཏོགས་ཁུལ་ཆུང22ཡོད་པ་དང་མི་འབོར་མང་ལ། སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་མིན་པ་བཅས་ཀྱི་དབང་གིས། སྤྱི་པའི་བར་སྟོང་ཇེ་ལེགས་སུ་གཏོང་བ་དང་གནས་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་དམ་པོར་དམིགས་ཏེ། སྡེ་ཁུལ་ཏང་ཨུས་གཅིག་སྡུད་སྒོས་ཐག་གཅོད་བྱེད་དགོས་པའི་གནད་དོན12གྲལ་བཤེར་བྱས། ལམ་འགྲམ་གྱི་གློག་རྙིང་པ་རིམ་སྤོར་སྒྱུར་བཀོད་བྱས་པ་དང་གེགས་མེད་ཐེམ་སྐས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སྡེ་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་དང་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་།

བན་དེ་སྐྱབས་ཀྱིས་བསྒྱུར།