
ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥེ་ཁྲིན་མཉམ་སྒྲོག་རོལ་དབྱངས་ཚོགས་པའི་སྤྱི་འདོམས་པ་དང་དབུ་བཞུགས་ལག་བསྟར་དཔོན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་མཱ་སི་དབྱི་ལ་འཕྲིན་ལན་བསྐུར་ཏེ། ཧྥེ་ཁྲིན་མཉམ་སྒྲོག་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཨ་མེ་རི་ཁ་དང་བཅས་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་སྒྱུ་རྩལ་པ་གྲགས་ཅན་དང་མཉམ་དུ། ཀྲུང་གོ་དང་ཨ་མེ་རི་ཁའི་མི་གཞུང་རིག་གནས་བརྗེ་རེས་དང་། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མཛའ་བརྩེ་ཇེ་དམ་དུ་གཏོང་ཆེད་ལེའུ་གསར་བ་མུ་མཐུད་རྩོམ་དགོས་པའི་ཐུགས་རེ་བཏོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་དེར་ཀྲུང་གོ་དང་ཨ་མེ་རི་ཁའི་སྒྱུ་རྩལ་པའི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་ཞིང་། ཚང་མས་མུ་མཐུད་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་རིག་གནས་བརྗེ་རེས་ཀྱི་འབྲེལ་ཟམ་དང་ཕོ་ཉ་བྱས་ནས། ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། རིག་གནས་ཀྱི་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་བཤད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡིག་ལན་ཁྲོད། ལོ་ལྔ་བཅུ་ཡི་སྔོན་ལ། ཧྥེ་ཁྲིན་མཉམ་སྒྲོག་རོལ་དབྱངས་ཚོགས་པ་ཀྲུང་གོར་ཡོང་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་བར་རིག་གནས་བརྗེ་རེས་ཀྱི་སྒོ་འཕར་ངང་གིས་ཕྱེས། ལོ་ངོ་ལྔ་བཅུའི་སྔོན་ལ། རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་བར་གྱི “རིག་གནས་ཕོ་ཉ”བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་ཅེས་གསུངས།
ཀྲུང་གོ་རུ་ཡོང་ནས་འཁྲབ་སྟོན་ཐོག་མ་བྱས་ཏེ་ད་ལྟའི་བར་ལོ་ལྔ་བཅུ་འཁོར་བར་རྗེས་དྲན་ཞུ་བའི་བརྗེ་རེས་བྱེད་སྒོ་སྤེལ་བཞིན་པའི་ཧྥེ་ཁྲིན་རོལ་དབྱངས་ཚོགས་པའི་ཁོངས་མི་ཚོས། ཀྲུའུ་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་བ་ཤེས་རྗེས་དགའ་སྤྲོ་ཚད་མེད་སྐྱེས་པར་མ་ཟད། ཁོ་ཚོར་སྐུལ་ལྕག་ཆེན་པོ་ཐེབས།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡིག་ལན་ཁྲོད་དུ། ཧྥེ་ཁྲིན་མཉམ་སྒྲོག་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་དང་བཅས་པའི་འཛམ་གླིང་རྒྱལ་ཁབ་སོ་སོའི་སྒྱུ་རྩལ་པ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མི་གཞུང་རིག་གནས་བརྗེ་རེས་དང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མཛའ་མཐུན་ཆེད་དུ། ལེའུ་གསར་བ་མུ་མཐུད་རྩོམ་རྒྱུའི་རེ་ལྟོས་ཡོད་ཅེས་ནན་གྱིས་གསུངས།
ཉིན་འགའི་སྔོན་ལ། པེ་ཅིང་ཀྲུང་གོ་རྒྱལ་ཁབ་ཟློས་གར་ཁང་ཆེན་མོ་རུ། ཧྥེ་ཁྲིན་མཉམ་སྒྲོག་རོལ་དབྱངས་ཚོགས་པ་དང་ཀྲུང་གོ་མཉམ་སྒྲོག་རོལ་དབྱངས་ཚོགས་པ། དེ་བཞིན་རྒྱལ་ཁབ་མང་པོའི་གཞས་པ་གྲགས་ཅན་བཅས་ཀྱིས་མཉམ་དུ་འཁྲབ་སྟོན་བྱས་པ་དང་། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཐང་རྒྱལ་རབས་ཀྱི་སྙན་ངག་གྲགས་ཅན་དང་མཉམ་སྒྲོག་རོལ་དབྱངས་མཉམ་བསྲེས་སྒོས་རོལ་མོའི་གསོལ་སྟོན་ཆེན་པོ་ཞིག་ལྟད་མོ་པའི་མིག་གི་དགའ་སྟོན་དུ་བཤམས། ཐེངས་འདིའི་འཁྲབ་སྟོན་སྟེང་རོལ་དབྱངས་སྒྱུ་རྩལ་གྱིས་རྒྱལ་མཚམས་གཏོར་ནས་རིག་གནས་མི་འདྲ་བའི་བར་འབྲེལ་ཟམ་བཙུགས་ཏེ། རྒྱལ་ཁབ་སོ་སོའི་བར་མཛའ་མཐུན་གྱི་ལེའུ་གསར་བ་བརྩམས།
བན་དེ་སྐྱབས་ཀྱིས་བསྒྱུར།